
ཚེ་རིང་ནོར་བུ།
ད་རེས་ནངས་པར་ རྒྱལ་ཁབ་ནང་ སྣུམ་འཁོར་ཚུ་ ནང་འདྲེན་བཀག་དམ་ལས་ ཡངས་ཆག་བཏང་པའི་ཤུལ་ལུ་ སྣུམ་འཁོར་གྱི་ རིན་གོང་ཚུ་ ཡར་སེང་སྦོམ་སྦེ་ར་ འགྱོ་མི་དེ་ སྤྱི་ལོ་ ༢༠༢༢ ལུ་ འདས་པའི་གཞུང་གིས་ ཁྲལ་བསྐྱར་བཟོ་འབད་ནི་དེ་གིས་ཨིན་པའི་ ཁ་ཉེས་བཀལཝ་ཨིན་པས།
ཨིན་རུང་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སྣུམ་འཁོར་གྱི་ རིན་གོང་ཚུ་ དེ་སྦེ་ ཡར་སེང་འགྱོ་མི་དེ་ ཁྲལ་བསྐྱར་བཟོ་ལུ་བརྟེན་ཏེ་མིན་པར་ སྣུམ་འཁོར་བཟོ་བསྐྲུན་ཁང་ཚུ་ལས་ར་ རིན་གོང་ཡར་སེང་འགྱོ་བའི་ཁར་ ནང་འདྲེན་འབད་བའི་སྐབས་ལུ་ སྐྱེལ་འདྲེན་གྱི་ གླ་ཆ་དང་ ཕྱི་དངུལ་བརྗེ་སོར་ཚུ་ཡང་ ཡར་འཕར་འགྱོ་བའི་ གནད་ལུ་བརྟེན་ཏེ་ཨིནམ་སྦེ་གསུངས་ཡི།
དེ་ཡང་ དངུལ་རྩིས་བློན་པོ་གིས་ སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ནང་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་ཡོདཔ་ད་ དེ་སྦེ་ རིན་གོང་སྦོམ་སྦེ་ར་ ཡར་སེང་འགྱོ་མི་ལུ་ གཞུང་གི་ཁ་ཐུག་ལས་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ དབྱེ་ཞིབ་འབད་བའི་སྐབས་ལུ་ མངོན་གསལ་བྱུང་ནུག།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་འབད་བ་ཅིན་ སྣུམ་འཁོར་ཤུགས་ཚད་སི་སི་ ༡༠༠༠ འབད་མི་ལུ་ ཁྲལ་ཡར་སེང་མ་འབད་བའི་གུ་ ཊོ་ཡོ་ཊ་སྣུམ་འཁོར་བཱཛ་ཚུ་ལུ་ ཁྲལ་བརྒྱ་ཆ་ ༣༠ མར་ཕབ་འབད་ཡོད་རུང་ སྣུམ་འཁོར་བཱཛ་ཚུ་གི་ གོང་ཚད་དེ་ དངུལ་ཀྲམ་ས་ཡ་ ༡.༩ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་སྦེ་ ཡང་སེང་འགྱོ་མི་ཚུ་ཡང་ སྣུམ་བཟོ་སྐྲུན་ལས་སྡེ་གིས་ སྣུམ་འཁོར་ཚུ་ནང་ མཁོ་ཆས་ལེ་ཤ་ཅིག་ སྔར་མེད་གསར་བཙུགས་འབད་དེ་ གོང་ཚད་ཡར་སེང་འབད་བའི་གུ་ ཅ་དམ་གྱི་ཁྲལ་དང་ བཙོང་ཁྲལ་ སྔོ་ལྗང་གི་ ཁྲལ་ཚུ་ལུ་བརྟེན་ཏེ་ ཡར་སེང་སོང་ཡོདཔ་སྦེ་ དངུལ་རྩིས་བློན་པོ་གིས་ གསུངས་ཡོད་པའི་གནས་ཚུལ།






Users Today : 952
Users Yesterday : 6933
This Month : 65321
This Year : 294162
Total Users : 1005978
Views Today : 8211
Total views : 2924628
Who's Online : 6