
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ བང་ལ་དེཤ་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་ཡཱན་མར་ལས་ རོ་ཧིང་གི་ཡའི་ མི་རིགས་ ༨,༠༠༠ དེ་ཅིག་ མི་ཡཱན་མར་གྱི་ ནུབ་ཕྱོགས་མངའ་སྡེ་ ར་ཁི་ནེ་ལས་ བང་ལ་དེཤ་ལུ་ བྱོག་འོང་ཡོདཔ་ད་ དེ་ཡང་ མི་ཡཱན་མར་གྱི་ དྲག་པོའི་སྲིད་གཞུང་གི་ དམག་མི་དང་ ངོ་རྒོལ་དམག་སྡེ་ ཨ་ར་ཀཱན་ཟེར་མིའི་བར་ན་ ནང་འཁྲུག་ཚབས་ཆེན་སྦེ་ར་ ལང་ནི་དེ་གིས་ཨིན་པས།
འདས་པའི་ཟླཝ་ ༢ ཀྱི་ནང་ མི་ཡཱན་མར་ལས་ རོ་ཧིང་གི་ཡའི་ མི་རིགས་ ༨,༠༠༠ དེ་ཅིག་ བང་ལ་དེཤ་ལུ་ ལྷོད་ནུག་ཟེར་ཨིནམ་ད་ མི་ཡཱན་མར་གྱི་ མི་སེར་ཚུ་ བང་ལ་དེཤ་ལུ་ བྱོག་འོང་པ་ཅིན་ བང་ལ་དེཤ་གཞུང་གིས་ བདག་འཛིན་འཐབ་མི་ཚུགས་ནི་ཨིནམ་སྦེ་བཤད་ནུག།
ད་ཚུན་ བང་ལ་དེཤ་ལུ་ ཧེ་མ་ལས་ རོ་ཧིང་གི་ཡའི་ མི་རིགས་ག་དེམ་ཅིག་ བྱོག་འོང་ཡོདཔ་ཨིན་ནའི་སྐོར་ལས་ ཚོད་རྩིས་ཅིག་ ག་ནི་ཡང་ བཏོན་བཏོནམ་མེད་རུང་ ད་རེས་ གནད་དོན་དེ་གི་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་ནང་ གལ་གནད་ཅན་གྱི་ ཞལ་འཛོམས་ཅིག་ འཚོགས་ནི་ཨིནམ་སྦེ་ བང་ལ་དེཤ་གི་ ཕྱི་འབྲེལ་བློན་པོའི་ངོ་ཚབ་ མོ་ཧ་མེད་ ཏའུ་ཧིད་ཧོ་སེན་གྱིས་ བཤད་ཡོདཔ་ཨིན་པས།
ད་རེས་ བང་ལ་དེཤ་གི་ ལྷོ་ཕྱོགས་ལུ་ཡོད་མི་ སྐྱབས་བཅོལ་བའི་སྒར་ཚུ་ནང་ མི་ཡཱན་མར་ལས་ རོ་ཧིང་གི་ཡའི་ མི་རིགས་ས་ཡ་ ༡ ལྷགཔ་ཅིག་ བྱོག་འོང་མི་དེ་ མི་ཡཱན་མར་ རྒྱལ་ཁབ་ནང་ ཁོང་ལུ་ མི་ཁུངས་དང་ གཞི་རྟེན་ཐོབ་དབང་ཚུ་ མ་བྱིན་པར་ བཞག་ནི་དེ་གིས་ ལོག་འགྱོ་ནི་དེ་ རེ་བ་ར་ བསྐྱེད་མི་ཚུགསཔ་སྦེ་བཤད་ནུག།
མི་ཡཱན་མར་ལུ་ སྤྱི་ལོ་ ༢༠༡༧ ལས་ འགོ་བཙུགས་ཏེ་ ནང་འཁྲུག་ལང་མི་དེ་ ད་རེས་ནངས་པར་ ག་ནི་བ་ཡང་ ཚབས་ཆེ་བའི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་ད་ འཛམ་གླིང་སྤྱི་ཚོགས་ཀྱིས་ ནང་འཁྲུག་དེ་ རིགས་བརྒྱུད་རྩ་མེད་གཏང་ནི་གི་ ཀུན་སློང་ཡོད་པའི་ ནང་འཁྲུག་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1393972
Views Today :
Total views : 5000
Who's Online :