
སྤྱི་ཟླ་ ༩ པའི་ཚེས་ ༥ གི་ཕྱི་རོ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ འབྲུག་གི་གཞུང་ཚབ་ཡིག་ཚང་གིས་ བཟའ་ཚང་ཚོང་ལཱ་ཚོགས་པ་ ཕེ་མི་ལི་ བི་ཛི་ནེཛ་ཨེགཛ་པོ་ ནེན་ཤཱལ་ཟེར་མི་དང་ ཅའོ་ཕར་ཡ་ ཨ་བྷའི་ར་ཛཱ་ གཞི་ཚོགས་དང་ མཉམ་འབྲེལ་ཐོག་ལས་ དམིགས་བསལ་ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་མིའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ གསུང་བཤད་ཅིག་གནང་ནུག།
ཚོགས་སྟོན་དེ་ཁར་ སྐུ་མགྲོན་ ༢༥༠ དེ་ཅིག་ སྤུངས་འཛོམས་འབད་ཡོདཔ་ད་ མཐའ་ལེན་གྱི་ ཁ་ཐུག་ལས་ ཆེ་མཐོའི་མི་ངོམ་ གལ་ཅན་ཚུ་དང་གཅིག་ཁར་ བཟའ་ཚང་ཚོང་ལཱ་ཚོགས་པའི་ ཡོངས་གྲགས་ཅན་གྱི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
འབྲུག་གི་ཁ་ཐུག་ལས་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་བྱེད་ཚོགས་ཆུང་གཙོ་བོའི་ འཐུས་མི་ཚུ་དང་ ཡོངས་གྲགས་ཅན་གྱི་ ཚོང་ལཱ་འབད་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
ཚོགས་སྟོན་དེ་ནང་ལས་ མཐའ་ཡས་ཚོང་ལཱའི་ ཇོ་བདག་ཚུ་དང་ མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མ་འོངས་མངོན་གཟིགས་ཅན་གྱི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ མ་རྩ་གཞི་བཙུགས་ཀྱི་ གོ་སྐབས་མ་འདྲཝ་ཚུ་གི་སྐོར་ལས་ ཧ་གོ་ཚུགས་པའི་ ཁེ་ཕན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་དང་ མཐའ་ཡས་ལེན་ རྒྱལ་ཁབ་གཉིས་ཆ་རའི་ ཚོང་ལཱ་འབད་མི་ཚུ་ལུ་ འབྲེལ་བ་འཐབ་ནི་དང་ གྲོས་བསྟུན་དམ་ཟབ་འབད་ནི་གི་ གོ་སྐབས་བཟང་པོ་ཡང་ ཐོབ་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392397
Views Today :
Total views : 5000
Who's Online :