
རོའི་ཊརཛ།
ཡུ་ཨེཛ་གིས་ ཨིན་ཌོ་པེ་སི་ཕིག་ ལུང་ཕྱོགས་ནང་ རྒྱ་ནག་གིས་ གནོད་འཚུབ་བཀལ་ནི་ལས་ བཀག་ཐབས་ལུ་དང་ ཡུ་ཨེཛ་གི་ དམག་མིའི་ལྕོགས་གྲུབ་ ཡར་སེང་འབད་ཐབས་ལུ་དམིགས་ཏེ་ གནས་གོང་ཆུང་བའི་ གྲུ་ཟིང་ཚུ་ མེདཔ་གཏང་ནི་གི་ གོ་མཚོན་ཚུ་ རྒྱ་སྐྱེད་འབདཝ་ཨིན་པས།
དེ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ ལུ་ བཙན་འཛུལ་ཐོག་ལས་ དམག་འཁྲུག་ལང་པའི་ཤུལ་ལུ་ ཡུ་ཨེཛ་གིས་ ལྟ་བ་གསར་བཏོད་ཐོག་ལས་ གནས་གོང་ཆུང་བའི་ གོ་མཚོན་ཚུ་ གྲ་འགྲིག་འབད་ནི་གི་ མནོ་བསམ་བཏང་ནུག།
གནད་དོན་དེ་གི་སྐོར་ལས་ ཨཱཛ་ཊེ་ལི་ཡའི་ ཐབས་བྱུས་ཅན་གྱི་ སྲིད་བྱུས་སྤེལ་ཁང་ལས་ ཨི་ཡུན་གར་ཧམ་གྱིས་ རྒྱ་ནག་གི་ ལཱ་བྱ་དང་བསྟུནམ་ད་ དེ་བཟུམ་མའི་ གདོང་ལན་འབད་ནི་དེ་ རང་བཞིན་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཁོ་གིས་ རྒྱ་ནག་གིས་ གྲུ་ཟིང་གང་མང་ བཟོ་བསྐྲུན་འབད་དེ་ གཞན་གྱི་གྲུ་ཟིང་ཚུ་ལུ་ དེང་དུས་དང་མཐུན་པའི་ གནོད་འཚུབ་བཀལ་ཚུགས་པའི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ ལེ་ཤ་སྦེ་ བཟོ་བསྐྲུན་ཐོག་ལས་ སྤུང་གསོག་འབད་མི་དང་འབྲེལ་ཏེ་ བཤད་ཡོདཔ་སྦེ་བཀོད་ནུག།
ཡུ་ཨེཛ་གིས་ གནས་གོང་ཆུང་བའི་ ཀུ་ཡིག་སིང་ཟེར་མི་ གོ་མཚོན་ཅིག་ གོང་འཕེལ་བཏང་ཐོག་ལས་ བརྟག་དཔྱད་འབད་དོ་ཡོདཔ་ད་ གོ་མཚོན་དེ་ལུ་ སྒུལ་ཅན་གྱི་ ཅ་དངོས་ཚུ་ བདའ་ཟུན་ཚུགས་མི་ ལམ་སྟོན་འཕྲུལ་ཆས་ཚུ་དང་སྦྲགས་ཏེ་ རྫས་བམ་ལེ་ཤ་ཅིག་ འབག་ཚུགས་དོ་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་ རྒྱ་ནག་ལུ་ གྲུ་ཟིང་བཀག་ཐབས་ཀྱི་ གོ་མཚོན་ལེ་ཤ་ཅིག་ཡོདཔ་ལས་ ཡུ་ཨེཛ་གིས་ གོ་མཚོན་གྲངས་མང་ཐོག་ལས་ དོ་འགྲན་འབད་མ་ཚུགས་རུང་ གོ་མཚོན་ཡར་སེང་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ གོ་མཚོན་གྱི་ ཁྱད་པར་བསུབ་ནི་ལུ་ ཁེ་ཕན་འབྱུང་སྲིད་ནི་ཨིནམ་མ་ཚད་ མ་འོངས་པ་ལུ་ཡང་ ཟིང་འཁྲུག་རེ་ལང་པ་ཅིན་ རྒྱ་ནག་གི་ དམག་གྲུ་ཚུ་ལུ་ ཉེན་ཁ་འབྱུང་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1070
Users Yesterday : 6933
This Month : 65439
This Year : 294280
Total Users : 1006096
Views Today : 8544
Total views : 2924961
Who's Online : 4