སྤ་རོ་བོང་སྡེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་གནང་མི་ རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་།

སྤ་རོ་བོང་སྡེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་སྦེ་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་གིས་ ཟླཝ་ཕྱེད་དང་ ༤ གི་རིང་ལུ་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་གནང་མི་དེ་ རང་ཟླ་ ༨ པ་སྔ་མའི་ཚེས་ ༡༠ སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ཐབས་ལུ་ མཁའ་འགྲོའི་བརྟན་བཞུགས་ཕུལ་ཐོག་ལས་ གྲོལ་གནང་ནུག།
རང་ཟླ་ ༤ པའི་ཚེས་ ༢༡ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལས་ འགོ་བཙུགས་གནང་མི་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་གནང་སར་ མཁན་སྤྲུལ་དང་ བླ་སློབ་ དགེ་སློང་ སྒོམ་ཆེན་ ཨ་ཎེམ་ དད་ལྡན་མི་སེར་ཚུ་བརྩིས་ཏེ་ ཉིན་བསྟར་བཞིན་དུ་ མི་གྲངས་ ༡༢,༠༠༠ དེ་རེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
དེ་ཡང་ དྲོ་པའི་ཆུ་ཚོད་ ༧ ལས་ འགོ་བཙུགས་ཏེ་ ཨ་འཛོམས་རྒྱལ་སྲས་མཆོག་སྤྲུལ་མཆོག་གིས་ རིན་ཆེན་གཏེར་མཛོད་ཀྱི་ ལྗགས་ལུང་ཚུ་ གནང་ཡོདཔ་ད་ ཉིན་མའི་ཆུ་ཚོད་ ༡ ལས་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་གིས་ བཀའ་དབང་ཚུ་གནང་ནུག།
དབང་ལུང་གནང་དགོ་པའི་ དམིགས་ཡུལ་དང་དགོས་པ།
རྒྱལ་ཁབ་ནང་ དེ་བཟུམ་མའི་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་གནང་དགོ་པའི་ དམིགས་ཡུལ་དང་ དགོས་པ་དེ་ཡང་ སྤྱིར་འགྲོ་བ་རིགས་དྲུག་གི་ སེམས་ཅན་ཚུ་དང་ ལྷག་པར་དུ་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ དད་པ་རྩ་བརྟན་ཡོད་མི་ ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ འགྲོ་བ་མི་ཚུ་ག་ར་ གནས་སྐབས་ཀྱི་བདེ་བ་དང་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ལུ་ བཀོད་ཐབས་ལུ་ཨིན་པས།
དེ་ཡང་ རྣམ་ཞང་མངོན་བྱང་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མི་འབྱུང་། །མཁའ་ལ་ཁུ་ཚུར་བརྡོག་པ་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཟེར་གསུངས་དོ་བཟུམ་སྦེ་ དམ་པའི་ཆོས་ཀྱི་ཉམས་ལེན་ ག་བཟུམ་འབད་རུང་ དབང་ལུང་མེད་པ་ཅིན་ གནས་སྐབས་ཀྱི་ ཕན་པ་ཙམ་ལས་ རྣམ་མཁྱེན་གྱི་ གོ་འཕང་འཐོབ་པར་ ལཱ་ཁག་འོང་ནི་དེ་གིས་ཨིན་པས།
དཔྱེ་འབད་བ་ཅིན་ བྱེམ་ག་དེམ་ཅིག་བཙིར་རུང་ མར་ཁུ་མི་འཐོན་དོ་བཟུམ་སྦེ་ དབང་ལུང་མེད་པ་ཅིན་ བསྐྱེད་རྫོགས་ཚུ་གི་ ཉམས་ལེན་ལུ་བརྩོན་རུང་ དངོས་གྲུབ་མ་ཐོབ་ནི་དེ་གིས་ དམ་པའི་ཆོས་ཀྱི་ ཉམས་ལེན་ཐམས་ཅད་ཀྱི་ ཆུ་འགོ་འདི་ དབང་ཨིནམ་ལས་ རིན་ཆེན་གཏེར་མཛོད་ཀྱི་ བཀའ་དབང་གནང་དགོ་པའི་ དགོས་པ་སྤྱི་དང་ ཁྱད་པར་དུ་ སངས་རྒྱས་ཀྱི་བསྟན་པ་དང་ རང་སོའི་བླ་བརྒྱུད་ཀྱི་ཆོས་རྒྱུན་ཚུ་ མི་ཉམས་ནི་དང་ སྐལ་ལྡན་གང་ཟག་ཚུ་གིས་ བཀའ་དབང་གནང་དགོཔ་སྦེ་ གསོལཝ་བཏབ་པའི་སྐབས་ལུ་ བྱང་སེམས་སྤྲུལ་པ་ཚུ་གིས་ དུས་ཡུན་དང་ དཀའ་སྡུག་ལུ་མ་གཟིགས་པར་ བསྟན་པ་དང་ སེམས་ཅན་ཚུ་གི་ ཞབས་ཏོག་ལུ་དགོངས་ཏེ་ བཀའ་དབང་ཚུ་གནངམ་ཨིན་པས།
བཀའ་དབང་གི་ སྦྱིན་བདག་དང་ ཞུ་བ་འབད་མི།
སྔ་འགྱུར་བཀའ་གཏེར་ ༢ ལས་ གཏེར་མའི་ཕྱོགས་གཏོགས་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་དེ་ཡང་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ ང་བཅས་རའི་ རྒྱལ་ཁབ་འདི་ནང་ དགའ་སྐྱིད་དང་ ཞི་བདེ་ཚུ་ དུས་ཡུན་རིངམོ་སྦེ་ གནས་ཐབས་ལུ་དམིགས་ཏེ་ སྤ་རོ་བོང་སྡེར་ཆགས་ཏེ་ཡོད་མི་ ཨྱོན་པདྨ་ཟངས་མདོག་དཔལ་རི་གྲྭ་ཚང་གི་ མཁན་སྤྲུལ་ཀརྨ་འཇིགས་མེད་ཀྱིས་ ལོ་ངོ་ ༣ གྱི་ ཧེ་མ་ལས་ར་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ལུ་ རིན་ཆེན་གཏེར་མཛོད་ཀྱི་ བཀའ་དབང་གནང་དགོ་པའི་ གསོལ་འདེབས་ཞུཝ་བཞིན་དུ་ བཀའ་དབང་ལུ་མཁོ་བའི་ ཡོ་བྱད་ཚུ་ཡང་ ལོ་ངོ་ ༣ གྱི་རིང་ལུ་ བསྒྲུབས་གནང་ནུག།
དེ་ལས་ བཀའ་དབང་དེ་ འགོ་མ་བཙུགས་པའི་ཧེ་མར་ རིན་ཆེན་གཏེར་མཛོད་ཀྱི་ གཞུང་ནང་ལས་ གསུངས་དོ་བཟུམ་སྦེ་ ཚོགས་འབུམ་དང་ སྒྲོལ་མ་འབུམ་ཚར་ བསངས་མཆོད་དང་ བཀའ་འགྱུར་དག་ཚར་ཚུ་ཡང་ ལྷག་ཡོདཔ་ཨིན་པས།
རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་།
སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་གིས་ རིན་ཆེན་གཏེར་མཛོད་ཀྱི་ བཀའ་དབང་དེ་ མ་གནང་པའི་ཧེ་མར་ ཕྱི་རྒྱལ་ལུ་སྦེ་ ཟླ་ངོ་ ༣ གྱི་རིང་ སྐུ་མཚམས་ལུ་བཞུགས་ཏེ་ རྡོར་སེམས་ལ་སོགས་པའི་ སྒྲུབ་པ་གནང་པའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ རིན་ཆེན་གཏེར་མཛོད་ཀྱི་ བཀའ་དབང་གནང་ས་ གནས་ཕུན་སུམ་ཚོགས་པ་ ཟངས་མདོག་དཔལ་རི་ལུ་ ཕེབས་གནང་ནུག།
དེ་ལས་ རང་ཟླ་ ༤ པའི་ཚེས་ ༢༡ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ དཔལ་རྡོ་རྗེ་སེམས་དཔའི་ བཀའ་དབང་ལས་ འགོ་བཙུགས་ཏེ་ གནང་མི་དེ་ཡང་ བཀའ་དབང་འདི་ ཟབ་པ་དང་ རྒྱ་ཆེ་ནི་དེ་གིས་ དེ་བཟུམ་མའི་ བཀའ་དབང་ཞུ་དགོ་པ་ཅིན་ དང་པ་ར་ རང་གི་རྒྱུད་ལུ་ཡོད་མི་ ལས་ཉོན་སྡིག་སྒྲིབ་ཚུ་ སྦྱངས་དགོཔ་ལས་ གསང་བ་སྔགས་ཀྱི་ དབང་ཞུ་མི་ཚུ་གི་ རྒྱུད་ལུ་ཡོད་མི་ ལས་ཉོན་སྡིག་སྒྲིབ་ཚུ་ སྦྱངས་ཐབས་ལུ་ཨིན་པས།
དེ་སྦེ་ རྡོ་རྗེ་སེམས་དཔའི་ དཀྱིལ་འཁོར་སྒོ་ཕྱེ་མི་ཡང་ རིན་ཆེན་གཏེར་མཛོད་ཀྱི་ ཕྱག་ལེན་ལྟར་དུ་དང་ ལྷག་པར་དུ་ སྐྱབས་རྗེ་རིན་པོ་ཆེ་གི་ མཛད་འཕྲིན་ལུ་ བར་ཆད་མི་འབྱུང་ནིའི་ཐབས་ལུ་དམིགས་ཏེ་ ཞེ་ཆེན་དགོན་པའི་ གྲྭ་བཙུན་རྣམ་ ༢ ཀྱིས་ བཀའ་དབང་འགོ་བཙུགས་པའི་ཉིན་མ་ལས་ ཉིན་བསྟར་བཞིན་དུ་ སྨིན་གླིང་རྡོར་སེམས་ཀྱི་ཆོ་ག་དང་ སྨིན་གླིང་བསྐང་གསོ་ དངོས་གྲུབ་རོལ་འཚོའི་གསོལ་ཁ་ཚུ་ བར་མ་ཆད་པར་གནང་ནུག།
བཛྲ་གུ་རུ་དུང་སྒྲུབ།
སྐྱབས་རྗེ་མཆོག་གིས་ སྤྱིར་འཛམ་གླིང་ནང་གི་ དམག་འཁྲུག་ཚུ་ ཞི་ཐབས་ལུ་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་བསོད་དབང་ཐང་ དར་ཞི་རྒྱས་ཐབས་ལུ་ བཀའ་དབང་ཞུ་མི་ མི་སེར་ཁྲི་ཕྲག་གིས་ བཛྲ་གུ་རུ་འབུམ་ཕྲག་རེ་ བསགས་དགོ་པའི་ བཀའ་རྒྱ་གནངམ་བཞིན་དུ་ བཛྲ་གུ་རུ་དུང་ཕྱུར་ ༡༧ ལྷགཔ་ཅིག་ བསགས་ཡོདཔ་ཨིན་པས།
བཀའ་དབང་མཇུག་བསྡུད།
རིན་ཆེན་གཏེར་མཛོད་ཀྱི་ བཀའ་དབང་དངོས་གཞི་དེ་ རཊ་གླིང་ཚེ་སྒྲུབ་ཀྱི་ བཀའ་དབང་གནང་སྟེ་ རང་ཟླ་ ༨ པ་སྔ་མའི་ཚེས་ ༦ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མཇུག་བསྡུ་ཡོད་རུང་ ཉིན་གྲངས་ ༣ གྱི་རིང་ལུ་ བཀའ་དྲིན་གཏང་རགས་ཀྱི་དོན་ལས་ ཚོགས་འབུམ་གནང་ཡོད་པའི་གནས་ཚུལ།

Please follow and like us: