
བི་བི་སི།
ཡུ་ཨེཛ་ལུ་ ཤན་ཞུགས་ཀྱི་ ནུས་ཤུགས་སྦོམ་ཤོས་ཅིག་ཨིན་མི་ ལས་མི་ཚོགས་པ་ ཨིན་ཊར་ནེ་ཤ་ནཱལ་ བར་དར་ཧུཌ་ཨོཕ་ ཊིམ་སི་ཊར་ཟེར་མི་གིས་ ཡུ་ཨེཛ་གི་ སྲིད་འཛིན་འདེམས་ངོ་ག་ལུ་ཡང་ ངོས་ལེན་འབད་མ་བཏུབ་ཨིན་པས།
ཡུ་ཨེཛ་དང་ ཀེ་ན་ཌའི་ རྒྱལ་ཁབ་ཚུ་ལས་ འཐུས་མི་ས་ཡ་ ༡.༣ དེ་ཅིག་ཡོད་མི་ ལས་མི་ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་འདེམས་ངོ་ ཨམ་ཀ་མ་ལ་ ཧར་རིཛ་དང་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱི་འདེམས་ངོ་ ཌོ་ནཱལ་ཊམ་ ༢ ཀྱིས་ ལས་མི་ཚོགས་པའི་ གནད་དོན་གལ་ཅན་ཚུ་དང་འབྲེལ་བའི་ ཁས་བླངས་ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ལས་མི་ཚོགས་པ་གིས་ ངོས་ལེན་མེད་ནི་དེ་གིས་ ཀ་མ་ལ་ ཧར་རིཛ་གིས་ ལས་མི་ཚུ་ལས་ ཚོགས་རྒྱན་འཐོབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ དོན་མེད་འོང་ནི་བཟུམ་ཅིག་སྦེ་ ཚོར་དོ་ཡོདཔ་ད་ གལ་སྲིད་ ལས་མི་ཚོགས་པ་ལས་ ངོས་ལེན་འགྲུབ་པ་ཅིན་ པེན་སིལ་བེ་ནི་ཡ་དང་ ཝིཛ་ཀཱོན་སིན་ མངའ་སྡེའི་ནང་སྡོད་མི་ ལས་མི་སྡེ་ཚན་ཚུ་ལས་ ཚོགས་རྒྱན་སྟོང་ཕྲག་སྦེ་ འཐོབ་ནི་གི་ གོ་སྐབས་ཡོདཔ་ཨིན་པས།
ཨིན་རུང་ ལས་མི་ཚོགས་པ་གིས་ ངོས་ལེན་མེད་པའི་ གསལ་བསྒྲགས་འབད་བའི་ཤུལ་ལུ་ མི་ཤི་གཱན་དང་ ཝིཛ་ཀཱོན་སིན་ ནེ་བ་ཌ་ དེ་ལས་ ཀ་ལི་ཕོར་ནི་ཡ་ མངའ་སྡེ་ཚུ་ནང་ འཐུས་མི་ས་ཡ་ཕྱེད་དེ་ཅིག་ཡོད་མི་ ཚོགས་པ་དེ་གི་ ལུང་ཕྱོགས་ལྷན་ཚོགས་ཚུ་གིས་འབད་བ་ཅིན་ ཀ་མ་ལ་ ཧར་རིཛ་ལུ་ ངོས་ལེན་འགྲུབ་ནི་སྦེ་ བཤད་ཡོདཔ་ཨིན་པས།
ལས་མི་ཚོགས་པའི་ འཐུས་མི་ཚུ་གི་གྲས་ཁར་ སྣུམ་འཁོར་དང་ གནམ་གྲུའི་དེད་གཡོགཔ་ཚུ་ཡང་ཡོདཔ་ད་ ངོ་མིང་ཤཱོན་ཨོ་བར་ཡཱན་གྱིས་ སྤྱི་ལོ་ ༢༠༢༢ ལུ་ ཚོགས་པའི་ཡོངས་ཁྱབ་གཙོ་འཛིན་གྱི་ འགན་ཁུར་འབག་ནི་ འགོ་བཙུགས་ཞིནམ་ལས་ཚུར་ རི་པབ་ལི་ཀཱན་ སྲིད་ཚོགས་དང་ མཐུན་ལམ་གོང་འཕེལ་གཏང་ནི་གི་ ཐབས་ཤེས་སྒྲིགཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 299
Users Yesterday : 1568
This Month : 3155
This Year : 231996
Total Users : 943812
Views Today : 408
Total views : 2745114
Who's Online : 6