རྡོ་རྗེ་སློབ་དཔོན་མཆོག་གིས་ སྤྲུལ་སྐུ་ཀུན་དགའ་བསྟན་འཛིན་ལུ་ བཀྲིས་ལེགས་དར།

སྤྲུལ་སྐུ་ཀུན་དགའ་བསྟན་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ ཨ་ནེ་མཐོ་རིམ་བཤད་གྲྭ་ བདག་འཛིན་འཐབ་དགོ་པའི་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ ཤིང་འབྲུག་ཟླཝ་ ༨ པའི་ཚེས་ ༡༩ སྤྱི་ཟླ་ ༩ པའི་ཚེས་ ༢༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ གཟེངས་བསྟོད་ཀྱི་ བཀྲ་ཤིས་ལེགས་དར་གནང་ནུག།
དགུང་ལོ་ ༣༩ བཞེས་མི་ སྤྲུལ་སྐུ་ཀུན་དགའ་བསྟན་འཛིན་མཆོག་ ཤིང་གླང་ཟླཝ་ ༡༡ པའི་ཚེས་ ༡༥ སྤྱི་ལོ་ ༡༩༨༥ ལུ་ སྤུ་ན་ཆ་འདུས་ དགོན་ཤར་རི་རྒེད་འོག་ ཆོས་རྗེ་འབྲུག་པའི་གདན་ས་ ཡུལ་གསར་འོབས་མཚོའི་ གདུང་བརྒྱུད་ལས་ སྐུ་འཁྲུངས་ཡོདཔ་ཨིན་པས།
དགུང་ལོ་ ༧ ལས་ དཔལ་ལྡན་འབྲུག་པའི་ ཆོས་སྡེར་ཞུགས་ཏེ་ མ་ཆེན་གཟིམ་དཔོན་ཞིང་གཤེགས་བྱ་རྒོད་ (བློ་གྲོས་སེང་གེ་) ལས་ འབྲི་ཀློག་ཡོན་ཏན་ཀུན་གྱི་གཞི་མ་ ཀ་ཁ་ལས་འགོ་བཟུང་སྟེ་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ འདོན་ཆའི་རིགས་དང་གར་ཐིག་དབྱངས་གསུམ་ལུ་ སྦྱངས་པ་ཕུལ་ཕྱིན་མཛད་ནུག།
དགུང་ལོ་ ༡༢ ལས་ སེ་བ་ལ་བཤད་གྲྭ་ འགོ་དང་པ་ གཞི་བཙུགས་གནང་མི་དེ་ཁར་ འཛུལ་ཞུགས་མཛད་དེ་ དག་ཡིག་ངག་སྒྲོན་ལས་ འགོ་བཟུང་སྟེ་ དབུ་མའི་གཞུང་དང་ དགུང་ལོ་ ༡༧ ལུ་ རྟ་མགོ་མཐོ་རིམ་བཤད་གྲྭར་བྱོན་ཏེ་ མངོན་པ་གོང་འོག་ལུ་ སྦྱངས་བརྩོན་མཛད་ཡོདཔ་ད་ དགུང་ལོ་ ༢༠ ལུ་ རྒྱ་གར་མཻ་སོར་བྱོན་ཏེ་ གཞུང་ཆེན་སྤྱི་དང་ ལྷག་པར་དུ་ ཚད་མའི་གཞུང་ལུ་ སྦྱངས་བརྩོན་མཛད་ཡོདཔ་ཨིན་པས།
དེ་ལས་ སྤ་རོ་གསང་ཆེན་ཆོས་འཁོར་ལུ་ ལེགས་བཤད་པའི་ འགན་འཁུར་དང་ རིག་གཞུང་སློབ་དཔོན་གྱི་ འཛིན་གྲྭ་སྟབས་ཅིག་སྦེ་ རིག་གཞུང་སློབ་དཔོན་གྱི་ ཕྱག་ཁྱེར་བཞེས་པའི་ཤུལ་ལུ་ སྐྱབས་རྗེ་ཁྲི་ཟུར་ཞིང་གཤེགས་དང་ རྡོར་སློབ་སྐུ་བགྲེས་ ངག་དབང་བསྟན་འཛིན་ལས་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ བསྐྱེད་རིམ་ལྷ་དགུ་དང་ རྫོགས་རིམ་ཟབ་ཁྲིད་ཡོངས་རྫོགས་གསན་ཏེ་ ལྕགས་རི་དང་ སྤ་རོ་ཟུར་རི་དགོན་པ་ འབྲངས་རྒྱས་དགོན་པ་ཚུ་ནང་ ལོ་གསུམ་ཕྱོགས་གསུམ་དང་ བསྙེན་མཚམས་གནང་ནུག།
སྤྱི་ལོ་ ༢༠༡༤ ལོར་ ཏཱ་ཡེ་ཝཱན་ལུ་ བྱོན་ཞིནམ་ལས་ ཨིང་སྐད་ཀྱི་ སློབ་སྦྱོང་མཛད་དེ་ ཨིང་སྐད་ཐོག་ལུ་ ཆོས་བཤད་གནང་སྟེ་ བཞུགས་ཡོདཔ་མ་ཚད་ ཏཱ་ཡེ་ཝཱན་ལུ་ འབྲུག་ནཱ་རོའི་བུ་བརྒྱུད་ཆོས་ཚོགས་དང་ འབྲུག་རྟེན་འབྲེལ་ཆོས་འཁོར་ཆོས་ཚོགས་ ༢ གཞི་བཙུགས་མཛད་དེ་ སངས་རྒྱས་ཀྱི་ བསྟན་པ་སྤྱི་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ བསྟན་པ་ཕྱོགས་མཐར་སྤེལ་བའི་ ཕྱག་རྗེས་བཟང་པོ་ ཀུན་གྱིས་མཐོང་ཆོས་སུ་ གྱུར་ཡོདཔ་ལས་ སྤྱི་ལོ་ ༢༠༢༡ ལུ་ གཞུང་གྲྭ་ཚང་ལས་ སྟོད་རྒྱན་འཇིམ་གནང་ནུག།
སྤྱི་ལོ་ ༢༠༢༤ ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་པའི་གནས་མཆོག་ རྒྱ་གར་རྡོ་རྗེ་གདན་གྱི་ མཆོད་རྟེན་ཆེན་མོའི་སྤྱན་སྔར་ འབྲུག་པ་དཀར་བརྒྱུད་ཀྱི་ སྨོན་ལམ་ཆེན་མོ་ཐེངས་དང་པ་ གཞི་བཙུགས་མཛད་ཡོདཔ་མ་ཚད་ སིངྒ་པོར་དང་ ཏཱ་ཡེ་ཝཱན་གྱིས་གཙོས་པའི་ རྒྱལ་ཁབ་ཕྱི་ནང་གཉིས་ལུ་ཡང་ དེང་དུས་ཀྱི་ གནས་བབས་དང་བསྟུན་པའི་ ནང་ཆོས་ཚུ་ ཁྱབ་སྤེལ་མཛད་གནང་ཡོད་པའི་གནས་ཚུལ།

Please follow and like us: