
བི་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ རྒྱ་ནག་གིས་ གླིང་ཆེན་གཅིག་ལས་ གླིང་ཆེན་གཞན་ཁར་ ལྷོད་ཚུགས་མི་ རྒྱང་རིང་མི་ཛ་ཡེལ་ཅིག་ རྒྱལ་སྤྱིའི་རྒྱ་མཚོའི་ནང་ བརྟག་དཔྱད་འབད་བའི་སྐོར་ལས་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་གིས་ རྒྱབ་འགལ་འབདཝ་མས་ཟེར་ བཤད་ཡོདཔ་ཨིན་པས།
དེ་ཡང་ ལོ་ངོ་ ༤༠ གི་ཤུལ་ལས་ དེ་བཟུམ་མའི་ བརྟག་དཔྱད་འབད་མི་དེ་ རྒྱལ་ཁབ་ག་ལུ་ཡང་ ཚ་གཏད་དེ་འབད་འབདཝ་མིན་ཟེར་ཨིནམ་ད་ ཁོང་གིས་འབད་བ་ཅིན་ བརྟག་དཔྱད་འབད་ནིའི་སྐོར་ལས་ འབྲེལ་ཡོད་རྒྱལ་ཁབ་ཚུ་ལུ་ དྲན་བརྡ་ཡང་འབད་ཡི་ཟེར་ཨིན་རུང་ རྒྱ་པཱན་དང་ ཨཱཛ་ཊེ་ལི་ཡ་ ནིའུ་ཛི་ལེན་ རྒྱལ་ཁབ་ཚུ་གིས་ ཁོང་ལུ་ དེ་བཟུམ་མའི་ དྲན་བརྡ་མ་ཐོབ་ཟེར་ཨིན་པས།
བརྟག་དཔྱད་མཁས་མཆོག་ཚུ་གིས་ རྒྱ་ནག་གིས་ མི་ཛ་ཡེལ་བརྟག་དཔྱད་འབད་མི་ལུ་བརྟེན་ཏེ་ ཨིན་ཌོ་པེ་སི་ཕིག་ ལུང་ཕྱོགས་ནང་ མ་འགྲིག་པའི་ གཞི་ཅིག་ལུ་ འགྱུར་ནི་མས་ཟེར་ཨིནམ་ད་ ན་ཧིང་ ཡུ་ཨེཛ་གིས་ཡང་ རྒྱ་ནག་གིས་ སྲུང་སྐྱོབ་ཡར་དྲག་གི་དོན་ལས་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཡར་སེང་འབད་ཡོདཔ་སྦེ་བཤད་ནུག།
གླིང་ཆེན་གཅིག་ལས་ གླིང་ཆེན་གཞན་ཅིག་ནང་ ལྷོད་ཚུགས་མི་ མི་ཛ་ཡེལ་དེ་གིས་ ཀི་ལོ་མི་ཊར་ ༥,༥༠༠ དེ་ཅིག་གི་ས་ཁར་ ལྷོད་ཚུགསཔ་ལས་ ཡུ་ཨེཛ་དང་ ཧ་ཝའི་ཚུ་ལུ་ཡང་ ལྷོད་ཚུགས་ནི་མས་ཟེར་ཨིན་པས།
ལུང་ཕྱོགས་ནང་ མི་ཛ་ཡེལ་དེ་གི་ཚ་གཏད་ལུ་ ནོར་བ་འབྱུང་སྲིད་ནི་གི་ ཉེན་ཁ་ཡོདཔ་ལས་ ཨཱཛ་ཊེ་ལི་ཡའི་ཁ་ཐུག་ལས་ མི་ཛ་ཡེལ་ བརྟག་དཔྱད་དང་འབྲེལ་ཏེ་ རྒྱ་ནག་གི་ཧོངས་ལས་ ཁུངས་བཀལ་དགོཔ་སྦེ་ སླབ་ཡོད་རུང་ ནིའུ་ཛི་ལེན་གྱིས་ དེ་བཟུམ་མའི་ ལཱ་བྱ་དེ་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ཨིན་པས་ཟེར་བཤད་ནུག།
ལྷོ་ཀོ་རི་ཡའི་ ཨིའུ་ཧ་ཨམ་སྲུའི་གཙུག་ལག་སློབ་སྡེའི་ནང་ རྒྱལ་སྤྱིའི་མཐུན་འབྲེལ་བསླབ་སྟོན་པ་ ལིཕ་ཨེ་རིག་ཨིཛ་ལེ་གིས་ མི་ཛ་ཡེལ་ བརྟག་དཔྱད་དེ་གིས་ ཡུ་ཨེཛ་གི་ཁ་ཐུག་ལས་ ཏ་ཡེ་ཝཱན་དང་ རྒྱ་ནག་གི་བྲེལ་ཟིང་ནང་ བར་འཛུལ་མ་འབད་ཟེར་བའི་ ཉེན་བརྡ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1440666
Views Today :
Total views : 5000
Who's Online :