
ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་གཙོ་འཛིན་ མ་ས་ཙུ་གུ་ ཨ་ས་ཀ་ཝ་དེ་ རྒྱལ་ཁབ་ནང་ སྤྱི་ཟླ་ ༩ པའི་ཚེས་ ༢༣ ལས་ ༢༦ ཚུན་ ཉིན་གྲངས་ ༣ གྱི་ གཞུང་དོན་གཟིགས་སྐོར་ལུ་བྱོན་ནུག།
དེ་ཡང་ འབྲུག་གཞུང་དང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་བར་ན་ མཉམ་འབྲེལ་ཡར་དྲག་གི་དོན་ལུ་ཨིནམ་ད་ གཟིགས་སྐོར་དེ་གིས་ ཨེ་ཤི་ཡ་ གོང་འཕེལ་དངུ་ཁང་གིས་ འབྲུག་གི་གོང་འཕེལ་དམིགས་དོན་ཚུ་ འགྲུབ་ནི་དང་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་ཡར་འཕར་གཏང་ནི་ལུ་ ཁས་ལེན་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ གཙོ་འཛིན་མཆོག་གིས་ འབྲུག་གི་དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་དང་ མཇལ་ཕྲད་ཐོག་ལས་ གློག་མེ་དང་ སླར་འབྱུང་ནུས་ཤུགས་ གསོ་བའི་ལས་སྡེ་ གཡོག་འབྲེལ་སྦྱོང་བརྡར་ སྐྱེལ་འདྲེན་ དངུལ་རྩིས་ གཞུང་དབང་ལས་སྡེ་འཛིན་སྐྱོང་ ཁྲོམ་ཚོགས་གོང་འཕེལ་ འཐུང་ཆུའི་འཐོན་ཁུངས་ལ་སོགས་པའི་ནང་ མ་རྩ་གཞི་བཙུགས་ཀྱི་ མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༨༢ ལུ་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ འཐུས་མི་སྦེ་ འཛུལ་ཞུགས་མཛད་ནུག།
སྤྱི་ལོ་ ༡༩༨༣ ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པ་ཚུན་ལུ་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གིས་ འབྲུག་གི་ལས་སྡེ་ཁག་ ༢༠༧ ལུ་ སྐྱིན་འགྲུལ་དང་ གནང་སྦྱིན་ དེ་ལས་ ཁྱད་རིག་གྲོགས་རམ་ཚུ་གི་ནང་ མ་དངུལ་ཌོ་ལར་ཐེར་འབུམ་ ༡.༢ དེ་ཅིག་ བྱིན་ཡོདཔ་ད་ ད་རེས་ དངུལ་ཁང་དེ་གིས་ སྐྱིན་འགྲུལ་ཁག་ ༡༣ དང་ གནང་སྦྱིན་ཁག་ ༡༢ འབདཝ་ད་ ཌོ་ལར་ས་ཡ་ ༣༦༣ དེ་ཅིག་ བྱིན་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་དང་ དངུལ་ཁང་གི་ གཙོ་འཛིན་ ༢ མཇལ་ཕྲད་སྐབས་ལུ་ འབྲུག་རྒྱལ་ཁབ་ཀྱི་ མཉམ་འབྲེལ་ཐབས་བྱུས་ཅིག་ འགོ་འབྱེད་མཛད་ཡོདཔ་ད་ དེ་ཡང་ གཞུང་དབང་ལས་སྡེ་ འཛིན་སྐྱོང་བཙན་ཐབས་དང་ སྒེར་སྡེ་གོང་འཕེལ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི། གནམ་གཤིས་འགྱུར་བགྲོད་དང་ བདེ་སྒྲིག་དང་ ཡུན་ཐུབ་ཅན་གྱི་ གཞི་རྟེན་མཁོ་ཆས་དང་ རིམ་ལུགས་གོང་འཕེལ། དེ་ལས་ མི་སྟོབས་གོང་འཕེལ་དང་ ན་གཞོན་གྱི་ ལཱ་གཡོག་ཡར་དྲགས་ཚུ་ལུ་ གཞི་བརྟེན་འབདཝ་ཨིན་པས།
དེ་མ་ཚད་ སྤྱི་ལོ་ ༢༠༣༤ ལུ་ འབྲུག་རྒྱལ་ཁབ་འདི་ འབབ་ཁུངས་མཐོ་བའི་ དགའ་སྐྱིད་དཔལ་འཛོམས་ཀྱི་ དཔལ་འབྱོར་ལུ་ འགྱུར་ནི་གི་དོན་ལས་ བཟོ་སྒྲིག་འབད་ཡོདཔ་ད་ ཐབས་བྱུས་དེ་གིས་ འབྲེལ་མཐུད་ཅན་གྱི མི་སེར་དང་ ཡར་འཕེལ་ ལོངས་སྤྱོད་ཚུ་ལུ་ གཙོ་བོར་བཟུངམ་ཨིན་པས།
དེ་བཟུམ་སྦེ་ མི་མང་གཞི་རྟེན་མཁོ་ཆས་ཚུ་ནང་ ཉིན་དྲོད་གློག་མེ་བཀྲམ་སྤེལ་ལས་འགུལ་གྱི་དོན་ལས་ སྐྱིན་འགྲུལ་ཆིངས་ཡིག་ལུ་ཡང་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ མ་རྩའི་ཐོན་ཁུངས་ཐོག་ལས་ ཌོ་ལར་ས་ཡ་ ༣༠ དེ་ཅིག་ སྐྱེད་ཆུང་སྐྱིན་འགྲུལ་ བྱིན་ནི་སྦེ་ཨིན་པས།
ལས་འགུལ་དེ་གི་ དམིགས་གཏད་དེ་ མི་མང་གཞི་རྟེན་མཁོ་ཆས་ གཙོ་བོ་ཚུ་ནང་ ཉི་དྲོད་གློ་མེ་བཙུག་ནི་གིས་མ་དོ་བར་ ཉི་དྲོད་འཕྲུལ་རིག་དང་ སླར་འབྱུང་ལཱ་གཡོག་གསར་བཏོད་ནང་ ན་གཞོན་གྱི་ ལྕོགས་གྲུབ་ཚུ་ཡང་ གོང་འཕེལ་གཏང་ནི་ཨིན་པས།
ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ མེ་ག་ཝཱཊ་ ༣༥ འབད་མི་ ཉི་དྲོད་གློག་མེ་རིམ་ལུགས་ ཁ་སྐོང་བཙུགས་ནི་དང་ སོ་ནམ་དང་འབྲེལ་བའི་ ལས་འགུལ་ཐོག་ལུ་ འབྲུག་གིས་ སོ་ནམ་དང་ སླར་འབྱུང་ནུས་ཤུགས་གཅིག་སྒྲིལ་ཐོག་ལས་ ས་ཆའི་ཐོན་སྐྱེད་དང་ ནུས་ཤུགས་གཏོན་ཐབས་ཚུ་ནང་ དཀའ་ངལ་བསལ་ཐབས་ཀྱི་ ལཱ་ཚུ་ཡང་ གསར་བཏོད་འབད་ཚུགས་ནི་ཨིན་པས།
ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ གཙོ་འཛིན་གྱིས་ ཐིམ་ཕུ་དང་ དབང་འདུས་ཕོ་བྲང་ལུ་ཡོད་མི་ དངུལ་ཁང་གིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་ཚུ་ནང་ གཟིགས་སྐོར་གནང་ཡོདཔ་མ་ཚད་ འབྲུག་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1440761
Views Today :
Total views : 5000
Who's Online :