
སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ གསུང་བཤད་གནང་པའི་ནང་གསལ་ ལོ་ངོ་ ༥༣ གྱི་ཧེ་མར་ སྤྱི་ལོ་ ༡༩༧༡ ལུ་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་ ༡༢༨ པ་སྦེ་ འཛུལ་ཞུགས་འབད་ཡི་ཟེར་ཨིནམ་ད་ ལོ་དེ་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ གོང་འཕེལ་མདའ་མཐའི་ རྒྱལ་ཁབ་ཟེར་མི་ དབྱེ་ཁག་ཅིག་ གཞི་བཙུགས་འབད་བའི་སྐབས་ལུ་ འབྲུག་རྒྱལ་ཁབ་འདི་ཡང་ དབྱེ་ཁག་དེ་ནང་ ཚུད་ཅི་ཟེར་ཨིན་པས།
དེ་བསྒང་ འབྲུག་གི་དཔལ་འབྱོར་དེ་ གཙོ་བོ་སོ་ནམ་ལུ་བརྟེན་དོ་ཡོདཔ་ད་ དུས་དེ་ལས་བཟུང་སྟེ་ ད་ཚུན་གྱི་བར་ན་ ཡར་འཕེལ་གྱི་ འགྱུར་བ་ཚུ་ལུ་བརྟེན་ཏེ་ གོང་འཕེལ་དམའ་མཐའི་དབྱེ་རིམ་ལས་ ཕྱིར་ཐོན་འབད་ཚུགས་མི་དེ་ཡང་ འབྲུག་གི་བརྩོན་ཤུགས་ལུ་ མཉམ་རོགས་ལེ་ཤ་ཅིག་གིས་ རྒྱབ་སྐྱོར་འབད་ནི་དེ་གིས་ཨིན་ཟེར་གསུངས་ནུག།
དེ་འབདཝ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཁྱད་ཆོས་ཅན་གྱི་ལས་སྡེ་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ གཞན་ཡང་ གོང་འཕེལ་གྱི་མཉམ་རོགས་ རྒྱ་པཱན་དང་ འཛམ་གླིང་དངུལ་ཁང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་པའི་ནང་ལས་ཡང་ ལྷག་པར་དུ་ འབྲུག་གི་མཛའ་བཤེས་ཅན་གྱི་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་གྱིས་ འབྲུག་གི་གོང་འཕེལ་ལས་སྣ་ འགོ་བཙུགས་ཞིནམ་ལས་ཚུར་ རྒྱུན་ཆད་མེད་པའི་ རྒྱབ་སྐྱོར་གནང་མི་ལུ་ དམིགས་བསལ་གྱིས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ད་རེས་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་མདའ་མཐའི་ གནས་ཚད་ལས་ ཕྱིར་ཐོན་འབད་མི་དེ་ཡང་ ང་བཅས་རའི་ མ་འོངས་མངོན་གཟིགས་ཅན་གྱི་ མི་དབང་མངའ་བདག་རིམ་བྱོན་གྱི་ ལམ་སྟོན་བཟང་པོའི་འོག་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་གཞི་བརྟེན་ཏེ་ ང་བཅས་རའི་ གནས་ཚིག་སྒོ་ལས་ བརྩོན་ཤུགས་ཚུ་ བསྐྱེད་ནི་དེ་གིས་ཨིན་ཟེར་གསུངས་ནུག།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་བརྟེན་པའི་ འབྲུག་གི་དཔལ་འབྱོར་དེ་ ཆུང་ཀུ་ཅིག་ར་ཨིན་རུང་ ཡུན་བརྟན་ཅན་དང་ ཀུན་ཚང་ཅན་ཅིག་ཨིནམ་ད་ འབྲུག་གི་ས་ཆ་བརྒྱ་ཆ་ ༧༢ ལྷགཔ་ཅིག་ ནགས་ཚལ་གྱིས་ ཁྱབ་སྟེ་ཡོད་པའི་ཁར་ ལམ་སྲོལ་བཟང་པོ་འདི་ཡང་ མི་ཉམས་གོང་འཕེལ་སོང་སྟེ་ཡོད་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ཡང་ འབྲུག་གི་དམགས་གཙོའི་རིང་ལུགས་དེ་ མི་སེར་གྱིས་མ་དགོ་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གསོལ་རས་སྦེ་གནང་ཡོདཔ་ཨིན་ཟེར་གསུངས་ནུག།
ད་ལས་ཕར་ ང་བཅས་རའི་ མ་འོངས་པའི་དོན་ལས་ རྒྱལ་ཁབ་ཀྱི་ གནས་ཚད་མ་ཉམས་པར་ བཞག་ཐབས་ལུ་ མདུན་ལམ་བསལ་དགོ་མི་དེ་ལུ་ དམིགས་བསལ་གྱིས་ དཔལ་འབྱོར་ལུ་བརྟེན་པའི་ དོ་འགྲན་གསརཔ་ཚུ་ འབྱུང་མིའི་གྲས་ལས་ གཙོ་བོ་ར་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་ དཀའ་ངལ་དེ་ཨིནམ་ལས་ དཔལ་འབྱོར་བཙན་ཐབས་ལུ་ གོང་འཕེལ་གྱི་ དཔེ་གཞི་གསརཔ་ གོང་འཕེལ་གཏང་དགོཔ་ཡོདཔ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གཞི་བཙུགས་གནང་ནི་སྦེ་ གསལ་བསྒྲགས་གནང་ཡི་ཟེར་ཨིན་པས།
མི་རྗེ་བློན་ཆེན་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ ཁ་གསལ་སྦེ་ གསལ་བཤད་གནང་པའི་ཤུལ་ལུ་ འབྲུག་གི་ལོ་རྒྱུས་དེ་ རེ་འདོད་ཅན་གྱི་ ལོ་རྒྱུས་ཅིག་ཨིན་རུང་ ད་རུང་ཡང་ འཛམ་གླིང་ནང་ རྒྱལ་ཁབ་ ༤༦ དེ་ཅིག་ གོང་འཕེལ་དམའ་མཐའི་ གནས་ཚད་ཁར་ ལུས་ཏེ་ཡོད་ཟེར་གསུངས་ནུག།
ཨིན་རུང་ མ་འོངས་ལས་དོན་གྱི་ དབུ་ཁྲིད་ཞལ་འཛོམས་ནང་ སྤྱི་མཐུན་གྱི་སྒོ་ལས་ ཆ་འཇོག་གྲུབ་མི་ མ་འོངས་པའི་ ཆིངས་ཡིག་དེ་གིས་ ཉེན་ཁ་ཅན་གྱི་ རྒྱལ་ཁབ་ཚུ་གི་ གཞི་སྒྱུར་ལུ་ ལམ་སྟོན་འབད་ནི་ཨིན་རུང་ འཛམ་གླིང་སྤྱི་ཚོགས་ལས་ཡང་ ད་རེས་ཀྱི་ གནས་སྟངས་ངོ་མ་དང་བསྟུན་ཏེ་ གཞི་སྒྱུར་ཚུ་ གནང་དགོ་པའི་ཁར་ འཛམ་གླིང་ཆགས་ཚུལ་དང་ དཔལ་འབྱོར་གྱི་ གནས་སྟངས་དང་བསྟུན་པའི་ ལྷན་ཚོགས་ཅིག་ཡང་ དགོ་ནི་མས་ཟེར་ཨིན་པས།
མི་རྗེ་བློན་ཆེན་གྱིས་ གསུང་བཤད་མཇུག་བསྡུའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ དེང་སང་གི་དུས་ལུ་ རྒྱལ་ཁབ་ག་ར་ཨིན་རུང་ རང་རྐྱངམ་གཅིག་གིས་ གྲུབ་འབྲས་བཏོན་མི་ཚུགས་ནི་ཨིནམ་སྦེ་ གསུངས་གནང་ཡོདཔ་ད་ དེ་ཡང་ མ་འོངས་རྒྱལ་སྤྱིའི་ ཞི་བདེ་དང་ གཅིག་སྒྲིལ་ འདྲ་མཉམ་ཚུ་གི་ གནས་སྟངས་ལུ་ མཐུན་སྒྲིག་འབད་མ་ཚུགས་པ་ཅིན་ ག་གིས་ཡང་ ཡུན་བརྟན་ཅན་གྱི་ རྒྱལ་ཡོངས་ཀྱི་ ཡར་འཕེལ་ཚུ་ འགྲུབ་མི་ཚུགས་ནི་ཨིནམ་ལས་ འཛམ་གླིང་རྒྱལ་ཡོངས་ཀྱིས་ ཡར་འཕེལ་གཅིག་ཁར་འགྲུབ་ནི་དང་ འཛམ་གླིང་རྒྱལ་ཡོངས་ཀྱིས་ འཐུས་ཤོར་ནི་ཨིནམ་སྦེ་ གསུངས་ཡོད་ལུགས་ཚུ་ཡང་ གསལ་བཤད་གནང་ཡོད་པའི་གནས་ཚུལ།






Users Today : 3386
Users Yesterday : 3875
This Month : 82941
This Year : 519934
Total Users : 1231750
Views Today : 6285
Total views : 3286999
Who's Online : 10