མི་རྗེ་བློན་ཆེན་མཆོག་གིས་ ནིའུ་ཡོག་ལུ་ གཞུང་དོན་གཟིགས་སྐོར་གནང་མི་དེ་ གྲུབ་འབྲས་ཅན་སྦེ་ མཇུག་བསྡུ་ཡོདཔ།

མི་རྗེ་བློན་ཆེན་མཆོག་གིས་ ནིའུ་ཡོག་ལུ་ གཞུང་དོན་གཟིགས་སྐོར་གནང་མི་དེ་ གྲུབ་འབྲས་ཅན་གྱི་ གསུང་གྲོས་ཚུ་ གནང་ཐོག་ལས་ མཇུག་བསྡུ་ཡོདཔ་ཨིན་པས།
གཟིགས་སྐོར་དེ་ཡང་ ནིའུ་ཡོག་ལུ་ཡོད་མི་ འབྲུག་པའི་མི་སྡེ་ཚུ་དང་ མཇལ་ཕྲད་ཐོག་ལས་ འགོ་བཙུགས་ཡོདཔ་ད་ གཟིགས་སྐོར་གྱི་རིང་ལུ་ མོང་གོ་ལི་ཡའི་ སྲིད་འཛིན་དང་ ནེ་པཱལ་གྱི་བློན་ཆེན། ཡུ་ཨེཛ་གི་ གནམ་གཤིས་སྲིད་བྱུས་ནང་ སྲིད་འཛིན་གྱི་གྲོས་དཔོན། ཡུ་ཨེཛ་གི་ འཛིན་སྐྱོང་དང་ ཐོན་ཁུངས་ཀྱི་ རྒྱལ་ཁམས་དྲུང་ཆེན། འཛམ་གླིང་དངུལ་ཁང་གི་ ཆེ་མཐོའི་འགོ་དཔོན་ཚུ། འཛམ་གླིང་བཟའ་འཐུང་ལས་ཚོགས་ཀྱི་ ཆེ་མཐོའི་འགོ་དཔོན་ཚུ། འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱི་ འགོ་དཔོན་ཚུ། རྒྱལ་སྤྱི་མཐའ་འཁོར་མཐུན་རྐྱེན་གྱི་ འགོ་དཔོན་ཚུ། སླར་འབྱུང་གནམ་གཤིས་མ་དངུལ་གྱི་ འགོ་དཔོན་ཚུ། ཡུ་ཨེཛ་གི་ རྒྱལ་སྤྱི་གོང་འཕེལ་མ་དངུལ་ལས་འཛིན་གྱི་ འགོ་དཔོན་ཚུ། འཛམ་གླིང་དཔལ་འབྱོར་གྲོས་འཛོམས་ཀྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་ཐོག་ལས་ ཆེ་མཐོའི་གནས་རིམ་ཁར་ ཟུང་ཕྱོགས་དང་ རྒྱལ་སྤྱིའི་ཞལ་འཛོམས་ཚུ་གནང་ནུག།
ཞལ་འཛོམས་ཚུ་ནང་ གནམ་གཤིས་ལག་ལེན་དང་ ལུང་ཕྱོགས་གོང་འཕེལ་ ཤེས་རིག་ སླར་འབྱུང་ནུས་ཤུགས་ ཡུན་བརྟན་གོང་འཕེལ་ལ་སོགས་པའི་ གནད་དོན་གཙོ་བོ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ འབྲུག་གི་གོང་འཕེལ་གྱི་ རེ་འདུན་འགྲུབ་ནི་དང་ དམིགས་བསལ་ལུ་ སླར་འབྱུང་ནུས་ཤུགས་དང་ ཡུན་བརྟན་ཅན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་ཚུ་དང་འབྲེལ་བའི་ གནད་དོན་གསརཔ་ཚུ་ འཚོལ་ཞིབ་འབད་ནིའི་ནང་ མཉམ་འབྲེལ་དང་ རྒྱབ་སྐྱོར་གྱི་ ཁས་ལེན་ཡང་ བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་རྗེ་བློན་ཆེན་གྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ མ་འོངས་ལས་དོན་གྱི་ དབུ་ཁྲིད་ཞལ་འཛོམས་ནང་ གསལ་བཤད་གནང་པའི་ཤུལ་ལས་ འབྲུག་གི་ གོང་འཕེལ་གྱི་ དམིགས་དོན་དང་ ཡུན་བརྟན་གོང་འཕེལ་གྱི་ དམིགས་དོན་ཚུ་ འགྲུབ་ཐབས་ལུ་ མ་འོངས་ལས་དོན་གྱི་ གྲོས་འཛོམས་ཚུ་ནང་ གསུང་བཤད་ཚུ་གནང་ནུག།
འཛམ་གླིང་སྤྱི་ཚོགས་ཀྱི་ སྤྱིར་བཏང་གྲོས་བསྡུར་སྐབས་ལུ་ མི་རྗེ་བློན་ཆེན་གྱིས་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་དམའ་མཐའ་ལས་ གནས་ཚད་ཡར་སེང་་འབད་ཡོདཔ་ལས་ གོང་འཕེལ་དམའ་མཐའི་ རྒྱལ་ཁབ་གཞན་ཚུ་ལུ་ཡང་ རྒྱབ་སྐྱོར་ཚུ་འབད་དགོ་ཟེར་ གསུངས་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ ཚོགས་ཐེངས་ ༧༩ པའི་ནང་ རྒྱལ་སྤྱི་སྐྱོང་བཞག་ལུ་ ཤུགས་སྣོན་འབད་ནི་དེ་ འབྲུག་གི་འགན་ཁུར་ཡང་ཨིནམ་སྦེ་གསུངས་ནུག།
གཟིགས་སྐོར་དེ་གི་ གྲུབ་འབྲས་ཀྱི་ཐེད་ཁར་ ཟུང་ཕྱོགས་མཐུན་ལམ་ལུ་ བཙན་ཐབས་བྱུང་པའི་ཁར་ རྒྱལ་སྤྱིའི་གཙུག་སྡེ་ཚུ་དང་ མཉམ་འབྲེལ་ཡར་དྲགས་དང་ དེ་ལས་ རྒྱལ་སྤྱིའི་ལས་ཚོགས་ཚུ་ལས་ འབྲུག་གི་ཡུན་བརྟན་གོང་འཕེལ་ལུ་ རྒྱབ་སྐྱོར་གྱི་ ཁས་ལེན་འགྲུབ་ཡོད་མི་ཚུ་ཨིན་པས།
གཟིགས་སྐོར་སྐབས་ལུ་ འབྲུག་གི་ཁྱད་ཆོས་ཅན་གྱི་ གོང་འཕེལ་གྱི་དཔེ་ཚད་ཚུ་ ཕྱི་ཁར་གསལ་སྟོན་འབད་ཚུགསཔ་མ་ཚད་ ལྕོགས་གྲུབ་དང་ ཡུན་བརྟན་ཅན་གྱི་ མ་འོངས་པའི་དོན་ལུ་ཡང་ རྒྱལ་སྤྱིའི་མཉམ་འབྲེལ་ གཏིང་ཟབ་བཟོ་ཡོད་པའི་གནས་ཚུལ།

Please follow and like us: