ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ ཉེས་ཅན་མཆོད་རྟེན་ཚེ་རིང་ལུ་ ཉེས་ཁྲིམས་ཚེ་བཙོན།

སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ བཟའ་ཚང་དང་ ཨ་ལོའི་ཁྲིམས་ཁྲི་ལས་ སྐྱེས་ལོ་ ༢༥ འབད་མི་ མཆོད་རྟེན་ཚེ་རིང་ལུ་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་བའི་ ཉེས་འཛུགས་ཐོག་ལུ་ ཚེ་བཙོན་གྱི་ ཉེས་ཁྲིམས་བཀལ་ནུག།

དེ་ཡང་ དུས་ཅི་ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ མོང་སྒར་ལས་ཨིན་མི་ ཉེས་ཅན་མཆོད་རྟེན་ཚེ་རིང་གིས་ སྐྱེས་ལོ་ ༡༣ འབད་མི་ བུམོ་ཅུང་ཅིག་ ཐིམ་ཕུའི་ས་གནས་ པཱམ་ཚོ་ལུ་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་བའི་ གནད་ལུ་བརྟེན་ཏེ་ཨིན་པས།

ཁྲིམས་ཀྱི་འདུན་ལས་ ཚེ་བཙོན་དེ་ཡང་ མཆོད་རྟེན་ཚེ་རིང་ཁོ་ར་གིས་ བྱ་ངན་འབད་ཡོདཔ་སྦེ་ རྫུན་ཁ་བཟེད་པའི་ཁར་ བྱ་ངན་འབད་སའི་ ས་ཁོངས་དེ་ཡང་ སི་སི་ཊི་ཝི་དཔར་ཆས་ནང་ གསལ་སྟོན་བྱུང་ཡོད་པའི་ སྒྲུབ་བྱེད་ཚུ་ལུ་ གཞིར་བཞག་སྟེ་བཀལ་ནུག།

ཉེས་ཅན་དེ་ལུ་ ཉེས་འཛུགས་ཁག་ ༢ ཕོག་ཡོད་མི་དེ་ཡང་ དམར་བསད་འབད་བའི་ ཉེས་ཁྲིམས་སྦེ་ ཚེ་བཙོན་བཀལ་ཡོདཔ་མ་ཚད་ ལོ་ན་མ་སྨིན་པའི་ བུམོ་ཅུང་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ ཉེས་ཁྲིམས་སྦེ་ ལོ་ངོ་ ༡༤ གི་ བཙོན་ཁྲིམས་བཀལ་ཡོད་པའི་གནས་ཚུལ།

Please follow and like us: