
པདྨ་དབང་འདུས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ འཛམ་གླིང་དང་ ལྷོ་ཨེ་ཤི་ཡའི་བར་ན་ རྒྱལ་སྤྱིའི་འཛུལ་སྒོ་བཟུམ་ཅིག་དང་ གསང་སྔགས་རྡོ་རྗེ་ཐེག་པའི་ ལྟེ་བ་བཟུམ་ཅིག་ལུ་ འགྱུར་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ སྤ་རོ་སྤང་སྦིས་ས་ དུང་དཀར་རྫོང་ནང་སྦེ་ འགོ་འབྱེད་རྟེན་འབྲེལ་མཛད་མི་ འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ ཉིནམ་དང་པར་ ཇར་ཀེ་ཨིང་གེལ་གྱིས་ དགེ་ལེགས་ཕུག་ ཁྲོམ་ཚོགས་ཀྱི་ འཆར་གཞིའི་ཨམ་ གསལ་སྟོན་འབད་མིའི་ནང་བཀོད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ དྲན་ཤེས་དང་ ཡུན་བརྟན་ གསར་བཏོད་ཚུ་གི་སྒོ་ལས་ ཁྲོམ་ཚོགས་ཀྱི་ གནས་སྟངས་གཞི་བཙུགས་འབད་ནི་གི་ དམིགས་གཏད་ཅིག་ཨིན་པས།
ཁྲོམ་ཚོགས་དེ་ འབྲུག་པའི་ཁྱད་ཆོས་ཅན་གྱི་ ལམ་སྲོལ་བཟང་པོ་དང་ དེང་དུས་ཀྱི་ བཟོ་བཀོད་དང་ འཕྲུལ་རིག་མཉམ་འབྲེལ་ཐོག་གི་ ཁྲོམ་ཚོགས་ཅིག་སྦེ་ རྒྱལ་སྤྱིའི་གནས་རིམ་ནང་ དཔྱེ་སྟོན་བཏུབ་སྦེ་ གོང་འཕེལ་གཏང་ནི་ཨིནམ་སྦེ་ཡང་ གསལ་སྟོན་འབད་ནུག།
ཁྲོམ་ཚོགས་དེ་ནང་ སླར་འབྱུང་ནུས་ཤུགས་དང་ དམིགས་བསལ་གྱིས་ ཆུར་བརྟེན་གློག་མེ་ཚུ་ ལག་ལེན་འཐབ་སྟེ་ ཆོས་འབྲེལ་དང་ གསོ་བ་དང་ བདེ་ཉམས་ ཤེས་རིག་དང་ ཤེས་ཡོན་ སླར་འབྱུང་ནུས་ཤུགས་དང་ འཕྲུལ་རིག་ བཟོ་གྲྭ་ དངུལ་རྩིས་ སོ་ནམ་འཕྲུལ་རིག་དང་ ནགས་ཚལ་ མཁའ་འགྲུལ་དཔལ་འབྱོར་ཚུ་འབདཝ་ད་ དཔལ་འབྱོར་སྡེ་ཚན་ ༧ ལུ་ གཙོ་བོར་བཟུང་ནི་ཨིན་པས།
དེ་མ་ཚད་ རྒྱལ་སྤྱིའི་གནམ་ཐང་དང་ ས་ཐོག་འབབ་ཚུགས་ དེ་ལས་ དྲན་ཤེས་རྐང་ལམ་ཚུ་ གཞི་བཙུགས་འབད་མི་དེ་གིས་ ལམ་སྲོལ་དང་ ཆོས་འབྲེལ་ས་ཁོངས་ཚུ་ མཐུད་འབྲེལ་འབད་ནི་ཨིནམ་སྦེ་ ཇར་ཀེ་གིས་ གསལ་བཤད་འབད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཟོ་བཀོད་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཐབས་ལམ་ ༩ དང་ གསང་སྔགས་རྡོ་རྗེ་ཐེག་པའི་ གཞི་རྩ་ཚུ་ལུ་ གཞི་བརྟེན་འབད་དེ་ སྒྲིག་བཀོད་འབད་ཡོདཔ་ཨིན་པས།
ཁྲོམ་ཚོགས་དེ་ནང་ མཐའ་འཁོར་གནས་སྟངས་ལུ་ བརྩི་བཀུར་དང་ ལཱ་གཡོག་གི་ གོ་སྐབས་ཡར་སེང་ འབབ་ཁུངས་འདྲེས་མའི་སྡོད་ཁྱིམ་ ཤེས་རིག་གི་གོ་སྐབས་ འཕྲོད་བསྟེན་ཅན་གྱི་འཚོ་རྟེན་ མི་སྡེ་བཙན་ཐབས་ ས་གནས་ཀྱི་ ལམ་སྲོལ་དང་ དགའ་སྟོན་ དེ་ལས་ མི་སྡེའི་དགོས་མཁོ་ཚུ་ ཚུད་དེ་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 991
Users Yesterday : 1303
This Month : 66663
This Year : 295504
Total Users : 1007320
Views Today : 2267
Total views : 2928299
Who's Online : 11