
བི་བི་སི།
སུ་དཱན་རྒྱལ་ཁབ་ནང་ དྲག་པོའི་དམག་སྡེ་དང་ རེ་པིཌ་ས་པཱོཊ་ཕོརཛ་ཟེར་མི་ དམག་སྡེའི་བར་ན་ ནང་འཁྲུག་ལང་སྟེ་ ཟླ་ངོ་ ༡༧ དེ་ཅིག་ སོང་ཡོད་རུང་ མཚམས་འཇོག་འབད་མ་ཚུགས་པར་ཡོདཔ་ཨིན་པས།
སུ་དཱན་དམག་སྤྱི་་གིས་ རྒྱལ་སྤྱིའི་ཁ་ཐུག་ལས་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ཡོད་རུང་ ཁོང་གི་དམག་མིའི་ཁ་ཐུག་ལས་ ཕྱད་མདའ་དེ་ འཕྲོ་མཐུད་དེ་ར་ རྐྱབ་ནི་ཨིནམ་ཚད་ ཞི་བདེའི་དོན་ལུ་ གྲོས་བསྟུན་འཕྲོ་མཐུད་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ཡང་ ཕྱད་མདའ་དེ་ མཚམས་འཇོག་འབད་མི་ཚུགས་ཟེར་བཤད་ནུག།
དེ་ཡང་ རྒྱལ་ཁབ་ཀྱི་ དམག་མི་ཚུ་གིས་ ས་གནས་ཁར་ཊུམ་དེ་ བྱང་ཕྱད་དམག་སྡེའི་ལག་པར་ ཚུད་ཡོད་མི་དེ་ ལོག་ལེན་ཐབས་ལུ་ ཕྱད་མདའ་རྐྱབ་དོ་ཡོདཔ་ད་ ཕྱད་མདའ་དེ་ཡང་ རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་ཚུ་གི་བར་ན་ རྒྱལ་ཁབ་ཀྱི་ མ་འོངས་པའི་སྐོར་ལས་ ཁ་འཆམ་མ་ཚུགས་པའི་ཤུལ་ལུ་ ན་ཧིང་ སྤྱི་ཟླ་ ༤ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཕྱད་མདའ་ལུ་བརྟེན་ཏེ་ འགྲོ་བ་མིའི་འཚོ་རྟེན་ལུ་ དཀའ་ངལ་ཚད་མེད་ཅིག་ བྱུང་སྟེ་ཡོདཔ་ད་ རྒྱལ་ཁབ་ནང་གི་ མི་རློབས་ཕྱེད་ཀ་དེ་ཅིག་ལུ་ར་ བཟའ་འཐུང་དཀོན་དྲགས་ལུ་ གྱུར་ཡོདཔ་མ་ཚད་ མི་སེར་ས་ཡ་ལས་བཅད་མི་ཚུ་ཡང་ རང་སོའི་སྡོད་ཁྱིམ་ལས་ ས་གནས་གཞན་ཁར་ སྤོ་འགྱོ་དགོཔ་ཐོན་ནུག།
སུ་དཱན་གཞུང་གི་ དམག་སྤྱི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་གོ་མཚོན་ཚུ་གི་དོན་ལས་ ཨི་རཱན་དང་གཅིག་ཁར་ ཚོང་འབྲེལ་འཐབ་དོ་ཡོད་པའི་ བརྡ་སྟོན་འབད་ཡོད་རུང་ སུ་དཱན་ལུ་ མུ་གེ་ཐོན་ཏེ་ཡོད་ཟེར་མི་དེ་ མི་བདེན་ཟེར་ཨིན་པས།
དེ་སྦེ་ ཕྱད་མདའ་རྐྱབ་མི་ དམག་སྡེ་ ༢ ཀྱི་བར་ན་ འཆམ་ཁ་བཟོ་ཚུགས་པ་ཅིན་ ཁོང་གི་དམག་སྡེ་གིས་ ཕྱད་མདའ་དེ་ མཚམས་འཇོག་འབད་འོང་ཟེར་ཨིནམ་ད་ རྒྱལ་སྤྱིའི་མི་སྡེ་ཚུ་གིས་ བྱང་ཕྱད་དམག་སྡེ་ལུ་ ད་རེས་ ཁོང་གིས་ བཙན་བཟུང་འབད་དེ་ཡོད་མི་ ཁྱིམ་ཚུ་གི་ནང་ལས་ འཐོན་འགྱོ་ནི་དང་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ཡང་ ནན་བསྐུལ་འབད་དགོཔ་སྦེ་ དམག་སྤྱི་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today : 1033
Users Yesterday : 1303
This Month : 66705
This Year : 295546
Total Users : 1007362
Views Today : 2385
Total views : 2928417
Who's Online : 11