
ཨཱལ་ཇ་ཟི་ར།
ནེ་པཱལ་ལུ་ ཆར་ཆུ་ལུ་བརྟེན་ཏེ་ བག་མ་ཏི་གཙང་ཆུ་ ག་ནི་བ་སྦོམ་ཐལ་ཡོདཔ་ལས་ རྒྱལ་ས་ཀཋ་མཱན་ཌུ་ལུ་ ཆུ་རུད་ཚབས་ཆེན་ ཐོན་མིའི་ནང་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཀཋ་མཱན་ཌུའི་ བལྟ་ཞིབ་ལྟེ་བ་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཆརཔ་དེ་ཡང་ ཤུགས་ཆེ་ཤོས་ར་ ཀཋ་མཱན་ཌུ་ལུ་ རྐྱབ་ཡོདཔ་སྦེ་ཨིན་པས།
སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ ནེ་པཱལ་གྱི་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལས་འབད་བ་ཅིན་ ཆུ་རུད་དང་ ས་རུད་ལུ་བརྟེན་ཏེ་ མི་གྲངས་བསྡོམས་ ༢༢༨ ལུ་ ཤི་རྐྱེན་དང་ མི་གྲངས་ ༡༥༨ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༢༥ དེ་ཅིག་ཡང་ གར་སོང་མེད་པར་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
དེ་ལས་ སྲོག་སྐྱབས་སྡེ་ཚན༌ཚུ་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་དང་ སྲོག་ཐག་ དེ་ལས་ གྲུ་ཆུང་བཅོས་མ་ཚུ་ ལག་ལེན་འཐབ་སྟེ་ མི་གྲངས་ ༤,༠༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ཚུགས་ཡོད་རུང་ གཞི་རྟེན་མཁོ་ཆས་ རམ་འགྱོ་མི་དང་ འཁོར་ལམ་ཚུ་ ཆད་མི་ལུ་བརྟེན་ཏེ་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་ནི་ལུ་ དཀའ་ངལ་བྱུང་ནུག།
སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ བློན་ཆེན་ཁར་ག་པར་སཱད་ཤར་མ་ ཨོ་ལི་གིས་ གློ་བུར་གྱི་ ཞལ་འཛོམས་ཅིག་ ཚོགས་མིའི་ནང་ རྐྱེན་ངན་སྐབས་ལུ་ ཁོ་ར་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་ བྱོན་ཡོདཔ་ལས་ དེ་འཕྲལ་ལས་ རང་གི་རྒྱལ་ཁབ་ནང་ ལོག་བྱོན་མ་བཏུབ་པའི་སྐོར་ལས་ མི་སེར་ཚུ་གིས་ ཁ་བཏང་ཡོདཔ་ཨིན་པས།
ནེ་པཱལ་ལུ་ཡོད་མི་ རྒྱལ་སྤྱི་གངས་རི་གོང་འཕེལ་ལས་ཚོགས་ཀྱིས་ དེ་བཟུམ་མའི་ ཆུ་རུད་ཐོན་མི་དེ་ བག་མ་ཏི་ གཙང་ཆུའི་མཐའ་སྐོར་ལུ་ ཁྲོམ་ཚོགས་ཀྱི་ལཱ་ཚུ་ འཆར་གཞི་མ་བརྩམས་པར་ ལག་ལེན་འཐབ་ནི་དེ་གིས་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436341
Views Today :
Total views : 5000
Who's Online :