
བི་བི་སི།
སིངྒ་པོར་གྱི་ ཁྲིམས་ལུགས་ནང་ གཞུང་གི་དོན་ལས་ ཁྱོསམ་ག་ཅི་ཐོབ་རུང་ ཁྱོསམ་དེ་ཚུ་གི་གནས་གོང་ གཞུང་ལུ་མ་ཕུལ་བར་ བློན་པོ་རང་སོ་གིས་ བཞག་མ་ཆོག་པའི་ཁར་ གསལ་སྟོན་ཡང་ འབད་དགོ་དོ་ཡོདཔ་ཨིན་པས།
ཨིན་རུང་ སིངྒ་པོར་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ སུ་བར་མ་ནི་ཡམ་ ཨིཛ་ཝ་རཱན་གྱིས་ གཞུང་འབྲེལ་ལཱ་འགན་ཐོག་ལུ་ ཁྱོསམ་ཐོབ་མི་ཚུ་ གསལ་སྟོན་མ་འབད་བའི་ ཉེས་འཛུགས་ཐོག་ལུ་ ཟླཝ་ ༡༢ ཀྱི་ བཙོན་ཁྲིམས་བཀལ་ནུག།
སྐྱེས་ལོ་ ༦༢ འབད་མི་ ཨིཛ་ཝ་རཱན་གྱིས་ སིངྒ་པོར་གྱི་ ཌོ་ལར་ ༤༠༣,༠༠༠ ལྷགཔ་ཅིག་གི་ ཁྱོསམ་ཚུ་ཐོབ་ཡོདཔ་སྦེ་ ཁྲིམས་འདུན་ལུ་ བདེན་ཁུངས་བཀལ་ཡོདཔ་ད་ ཁྱོསམ་དེ་ཚུ་ཡང་ གནམ་གྲུའི་ཤོག་འཛིན་དང་ སྒེར་གྱི་གནམ་གྲུའི་ཐོག་ལས་ འགྲུལ་བསྐྱོད་ལ་སོགས་པའི་དོན་ལུ་ ཐོབ་ཡོདཔ་ཨིན་པས།
རྩོད་བཤེར་དེ་ སིངྒ་པོར་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཝིན་སེན་ཧུང་གིས་ ཕྱེ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྐྱེལ་འདྲེན་བློན་པོ་བགྲེསཔ་གིས་ དབང་ཚད་ལོག་སྤྱོད་འབད་ཡོདཔ་ལས་ གཞུང་གི་གཙུག་སྡེ་ལུ་ མི་སེར་གྱིས་ བློ་གཏད་མེདཔ་ བཟོ་ཡི་ཟེར་ཨིན་པས།
དྲང་དཔོན་དེ་གིས་ བློན་ཆེན་ལུ་ཕུལ་མི་ ཞུ་ཡིག་ནང་ ཨིཛ་ཝ་རཱན་གྱིས་ ཉེས་འཛུགས་ཚུ་ལུ་ ངོས་ལེན་འབད་མ་བཏུབ་པར་ ཁྲིམས་རྩོད་ནང་ལས་ གློད་གྲོལ་གཏང་པའི་ མནོ་བསམ་ཡོདཔ་ལས་ ཁོ་ལུ་ བློ་འགྱོད་ཡོདཔ་སྦེ་ ངོས་ལེན་འབད་མི་ཚུགས་ཟེར་བཀོད་ནུག།
བློན་པོ་བགྲེས་པ་དེ་ སིངྒ་པོར་ལུ་ ཉེས་ཁྲིམས་སྲོག་ཐོག་ལུ་ ཕོག་མི་ཚུ་བཞག་སའི་ བཙོན་ཁང་ཅང་གི་ཟེར་སར་ བཞག་ནི་ཨིནམ་ད་ བཙོན་ཁང་དེ་ནང་ རླུང་འཁོར་ཚུ་ ག་ནི་ཡང་མེད་པའི་ཁར་ བཙོན་པ་ཚུ་ཡང་ རྩ་གདན་ཐོག་ལུ་ ཉལ་དགོ་དོ་ཡོདཔ་ཨིན་པས།
ད་རེས་ བློན་པོ་བགྲེསཔ་གི་ རྩོད་བཤེར་དང་ བཙོན་ཁྲིམས་དེ་ ལོ་ངོ་ ༥༠ དེ་ཅིག་གི་ ནང་འཁོད་ལུ་ སྲིད་དོན་གྱི་མི་ངོམ་ ཉེས་འཛུགས་འབད་དེ་ བཙོན་ཁྲིམས་བཀལ་ནི་དེ་ འགོ་དང་པ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436341
Views Today :
Total views : 5000
Who's Online :