
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དངུལ་ཁང་དང་པ་དེ་ ཨོ་རོ་དངུལ་ཁང་ཟེར་ ཨང་གནས་ཅན་གྱི་ དངུལ་ཁང་སྦེ་ གཞི་བཙུག་འབད་ནི་ཨིནམ་ད་ ཁྲོམ་ཚོགས་དེ་གི་ ཏི་རུ་དེ་ཡང་ གཏེར་ཟེར་བའི་ མིང་འཛིན་འབད་ནི་ཨིན་པས།
དེང་དུས་ཀྱི་ འཕྲུལ་རིག་དང་ལྡན་པའི་ དངུལ་ཁང་དེ་གིས་ ཁྲོམ་ཚོགས་དེ་ནང་ སྡོད་མི་དང་ ཕྱི་ཁ་ལས་ ཁེ་ལཱ་གསར་བཏོད་དང་ མ་རྩ་གཞི་བཙུགས་ཀྱི་ དང་འདོད་ཡོད་མི་ཚུ་ལུ་ མ་དངུལ་གྱི་ ཞབས་ཏོག་ཚུ་ སྤྲོད་ནི་དང་ དངུལ་བཙུགས་བཞག་ཚུ་ཡང་ ཉེན་སྲུང་དམ་ཟབ་ཐོག་ལུ་ བཞག་ནི་ཨིན་པས།
ཨོ་རོ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མ་ཡེག་ཀ་ཡ་མོ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ནང་ས་པ་ དངུལ་སྤྲོད་ལེན་ཚུ་ ཡོངས་འབྲེལ་ཐོག་ལས་འབད་ནི་ ཁྱབ་སྤེལ་སོང་སྟེ་ཡོད་རུང་ དངུལ་ཁང་ནང་འཁོད་ཀྱི་ ལམ་ལུགས་ཚུ་ལུ་ འགྱུར་བ་མེདཔ་ལས་ ཨོ་རོ་དངུལ་དེ་གིས་ ལག་ལེན་གྱི་དཔེ་ཚད་གསརཔ་ གཞི་བཙུགས་ཐོག་ལས་ ཁེ་འབབ་ཡོད་མི་ མ་རྩ་གཞི་བཙུགས་དང་ ཚོང་མགྲོན་པ་ཚུ་གིས་ རང་སོའི་དངུལ་ཚུ་ དངུལ་ཁང་དེ་ནང་ ཉེན་སྲུང་གི་དོན་ལུ་ བཞག་ནི་དང་ ཡང་ཅིན་ སྐྱེད་ཐོབ་ཐོག་ལུ་ བཙུགས་བཞག་འབད་ནི་གི་ གོ་སྐབས་ཚུ་ཡང་ ལོགས་སུ་སྦེ་ཡོད་ཟེར་ཨིན་པས།
ཨོ་རོ་དངུལ་ཁང་ཟེར་མི་ མིང་དེ་ཡང་ འབྲུག་གི་ལམ་སྲོལ་ལྟར་དུ་ བྱ་རོག་གདོང་ཅན་ལུ་ ཨོ་རོ་ཟེར་ འབོ་སྲོལ་ཡོད་པའི་ཁར་ སི་པེ་ནིཤ་གི་ ཁ་སྐད་ནང་ གསེར་ལུ་གོཝ་ལས་ མིང་དེ་གིས་ སྲ་བརྟན་དང་ སྣང་ཅན་ཨིན་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་བཟུམ་སྦེ་ ཏི་རུའི་མིང་ལུ་ གཏེར་ཟེར་བཞག་སྟེ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་གྱི་ཉིན་མར་ ངོ་སྤྲོད་འབད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དངུལ་རྩིས་འཛིན་སྐྱོང་མདོ་ཆེན་ ཧོ་བེང་ལིམ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཏེར་འདི་ དྭངས་གསལ་ཅན་དང་ ལྕོགས་གྲུབ་ དེ་ལས་ ཟད་འགྲོའི་འཇོན་ཚད་ཚུ་གུ་ གཞི་བརྟེན་འབད་དེ་ གྲ་སྒྲིག་འབད་ཡོད་ལུགས་དང་ ཏི་རུ་གསརཔ་ གཏེར་དེ་ལུ་ དངོས་གཟུགས་ཅན་གྱི་ གསེར་གྱིས་རྒྱབ་རྟེན་འབད་འོང་ཟེར་ཨིན་པས།
ཏི་རུ་གཏེར་གྱི་ འཛིན་སྐྱོང་དེ་ ལམ་སྲོལ་ཅན་གྱི་ དངུལ་རྩིས་དང་མ་འདྲཝ་སྦེ་ ཨང་གནས་ཅན་གྱི་ བདོག་གཏད་ཚུ་ གཅིག་སྒྲིལ་གྱི་སྒོ་ལས་ འཛིན་སྐྱོང་འཐབ་ནི་དང་ ཏི་རུ་དེ་ དཔར་བསྐྲུན་འབད་ནི་མིན་པར་ བག་ཟོན་དང་ སྒྲིག་ཁྲིམས་ཚུ་ རྒྱུན་སྐྱོང་འཐབ་ནི་ གལ་ཆེ་བའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
ཧོ་བེང་ལིམ་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དམིགས་དོན་དེ་ ཁེ་ལཱ་དྲག་ཤོས་དང་ སྤུས་དག་ དེ་ལས་ རིག་རྩལ་དྲག་ཤོས་དང་ ཁྲིམས་ལུགས་ལུ་ ཆ་གནས་དམ་ཟབ་ཡོད་མི་ཚུ་ ཁྲོམ་ཚོགས་དེ་ནང་ གཞི་བཙུགས་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དེ་ཨིན་ཟེར་ བཤདཡོད་པའི་གནས་ཚུལ།





Users Today : 1232
Users Yesterday : 1303
This Month : 66904
This Year : 295745
Total Users : 1007561
Views Today : 2972
Total views : 2929004
Who's Online : 9