
པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྤ་རོ་སྤང་སྦིས་ས་ དུང་དཀར་རྫོང་ནང་སྦེ་ འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
ཉིན་གྲངས་ ༣ གྱི་རིང་ལུ་ འཚོགས་གནང་མི་ འགོ་འབྱེད་རྟེན་འབྲེལ་དེ་ནང་ འབྲུག་མི་དང་ འཛམ་གླིང་རྒྱལ་ཁབ་ ༦༠ ལྷགཔ་ཅིག་ལས་ མི་གྲངས་བསྡོམས་ ༡,༠༠༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ རྒྱལ་སྤྱིའི་གནས་རིམ་ནང་ ཡོངས་གྲགས་ཅན་གྱི་ གསལ་བཤདཔ་ ༡༢༥ གི་གྲས་ཁར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ༢༠ དང་ རྒྱལ་སྤྱིའི་གཟེངས་རྟགས་ཐོབ་མི་ ༤ ཡང་ཡོདཔ་ཨིན་པས།
གྲོས་འཛོམས་འགོ་འབྱེད་སྐབས་ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བྱོན་ལེགས་གསུང་བཤད་ནང་ གྲོས་འཛོམས་དེ་ འབྲུག་གི་གྲུབ་འབྲས་དང་ མ་འོངས་མཐོང་སྣང་ཚུ་ལུ་ བསམ་ཞིབ་ཀྱི་སྒོ་ལས་ མཐོང་སྣང་ཚུ་ ངོ་མ་ལུ་ འགྱུར་ནིའི་དོན་ལུ་ཨིནམ་ད་ ད་ཚུན་གྱི་བར་ན་ གལ་གནད་ཆེ་བའི་ འབྲུག་གི་གྲོས་འཛོམས་སྦོམ་ཤོས་འདི་ནང་ རྒྱལ་ཁབ་ཀྱི་ མདུན་བསྐྱོད་ཅན་གྱི་ འཆར་སྣང་དང་ མཉམ་འབྲེལ་གྱི་ གྲོས་བསྟུན་ཚུ་གི་སྒོ་ལས་ འབྲུག་རྒྱལ་ཁབ་འདི་ ཡུན་བརྟན་དང་ ལོངས་སྤྱོད་ཀུན་ཚང་ཐོག་ལུ་ མ་འོངས་པའི་ མདུན་ལམ་གཏོན་ནི་གི་ གོ་སྐབས་ཅིག་ཨིན་པའི་ གསལ་བཤད་མཛད་ནུག།
གྲོས་འཛོམས་དེ་ནང་ སློབ་ཕྲུག་ཚུ་དང་ སྒེར་གྱི་ཁེ་ལཱ་འབད་མི་ཚུ་གིས་ སོ་ནམ་དང་ སྒོ་ནོར་གྱི་ འགྲེམ་སྟོན་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་དེ་གིས་ འབྲུག་པའི་ལམ་སྲོལ་བཟང་པོ་ཚུ་ དུས་རབས་ ༢༡ པའི་ནང་ འགྱུར་ལྡོག་ཅན་གྱི་ རིག་རྩལ་ཚུ་དང་འདྲེས་ཏེ་ ན་གཞོན་ཚུ་གི་ གནད་འགག་ཅན་གྱི་ མནོ་ཐངས་དང་ རིག་རྩལ་གསར་བཏོད་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
འགོ་འབྱེད་ཀྱི་ཉིན་མར་ ལོངས་སྤྱོད་ཀྱི་དོན་ལུ་ ཚན་རིག་དང་ འཕྲུལ་རིག་ ཞིབ་འཚོལ་དང་ ཤེས་ཡོན་ཡར་དྲག་ གནད་སྡུད་དང་ བརྟག་དཔྱད་ གསར་བཏོད་དང་ ཁེ་ལཱ་གསརཔ་ཚུ་ནང་ མ་རྩ་གཞི་བཙུགས་དང་ རྒྱལ་སྤྱིའི་རིག་རྩལ་ནང་འདྲེན་ ཁེ་ལཱ་གོང་འཕེལ་ལ་སོགས་པ་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ནུག།
གཞན་ཡང་ ཉིནམ་དང་པ་ལས་ ༣ པ་ཚུན་ དྲན་ཤེས་དང་ གསར་བཏོད་ ཨང་གནས་གཞི་སྒྱུར་ བཅོས་མའི་རིག་པ་ཕྱིར་སྤེལ་ མ་འོངས་དངུལ་ཁང་ལག་ལེན་ སྐྱེ་ལྡན་ཚན་རིག་ནང་ བཅོས་མའི་རིག་པ་ལག་ལེན་ལ་སོགས་པ་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་ཚུ་འབད་ཡོདཔ་ཨིན་པས།
འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེ་གིས་ རྒྱལ་སྤྱིའི་ཨཱལ་གོ་རིཐ་མིག་གཙུག་སྡེ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།





Users Today : 1451
Users Yesterday : 1303
This Month : 67123
This Year : 295964
Total Users : 1007780
Views Today : 3567
Total views : 2929599
Who's Online : 9