
སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱིའི་ངོས་ལེན་ཡོངས་འབྲེལ་ གོ་ལོ་བཱལ་ ཨེག་སེབ་ཊེནཛ་ ནེཊ་ཝཱག་ནང་ འཐུས་མི་དང་པ་སྦེ་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
དེ་ཡང་ ཉེན་སྲུང་གི་སྒོ་ལས་ འཛམ་གླིང་མཐུད་འབྲེལ་ནང་ འབྱུང་རབས་ཅན་གྱི་ ཐོན་རིམ་ཅིག་ཨིནམ་ད་ འབྲུག་གི་ཨང་གནས་བློ་གཏད་ཀྱི་ ཐབས་ལམ་དེ་གིས་ མི་སེར་ཚུ་ལུ་ ག་ཏེ་འབད་རུང་ ཨང་གནས་རིམ་ལུགས་ཀྱི་དཔེ་ཚད་ གསར་བཏོད་འབད་ཐོག་ལས་ ངོས་འཛིན་རུང་བའི་ ངོ་རྟགས་ཀྱི་ དབང་ཆ་སྤྲོད་ནི་ལུ་ འགྱུར་ལྡོག་མེད་པའི་ ཁས་ལེན་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ནང་ གསལ་བསྒྲགས་འབད་ཡོདཔ་ད་ གྲོས་འཛོམས་དེ་ཁར་ རྒྱལ་སྤྱིའི་ངོས་ལེན་ཡོངས་འབྲེལ་ནང་ལས་ ཌ་མཱོན་རཱིཌ་ཟེར་མི་གིས་ ངོ་ཚབ་སྦེ་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེ་ལས་ འཕྲུལ་རིག་གཙོ་འཛིན་འགོ་དཔོན་ ཞེ་ཀུཛ་ཝཱོན་ བེ་ནེ་ཀེ་དང་ ཨའི་ཌེན་ཊི་ཊི་ པ་ར་སིཛ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཌོག་ཊར་མའི་ཀེལ་ བེ་ཀར་གྱིས་ཡང་ གྲལ་གཏོགས་འབད་ནུག།
ཨང་གནས་རིམ་ལུགས་དང་འབྲེལ་བའི་ ཞལ་འཛོམས་སྐབས་ལུ་ མ་འོངས་པར་ ཨང་གནས་རིམ་ལུགས་གོང་འཕེལ་ནང་ འབྲུག་གིས་ གལ་གནད་ཆེ་བའི་ འགན་ཁུར་འབག་ནིའི་སྐོར་ལས་ འཚོལ་ཞིབ་ཚུ་འབད་ནི་དང་གཅིག་ཁར་ རྒྱལ་སྤྱིའི་ངོས་ལེན་ཡོངས་འབྲེལ་གྱིས་ འབྲུག་གི་རྒྱལ་ཡོངས་ཨང་གནས་ངོ་རྟགས་ལུ་ བྱ་སྟབས་བདེ་ཏོག་ཏོ་གི་ཐོག་ལས་ ཉེན་སྲུང་དང་ལྡན་པའི་ གྲོགས་རམ་ཚུ་ ག་དེ་སྦེ་འབད་ཚུགས་ནི་ཨིན་ནའི་སྐོར་ལས་ཡང་ གསུང་གྲོས་བྱུང་ཡོདཔ་ཨིན་པས།
འབྲུག་གཞུང་འཕྲུལ་རིག་ལས་སྡེའི་དྲུང་ཆེན་ འཇིགས་མེད་བསྟན་འཛིན་གྱིས་ ད་རེས་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱིའི་ངོས་ལེན་ཡོངས་འབྲེལ་ནང་ འཛུལ་ཞུགས་འབད་ནི་དེ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ འབྲུག་གི་ཨང་གནས་ངོ་རྟགས་དེ་ ཉེན་སྲུང་དང་ལྡནམ་སྦེ་ ག་ར་གིས་ བློ་གཏད་ཚུགསཔ་བཟོ་ནིའི་ནང་ གོམ་པ་མདུན་སྤོཝ་ཨིན་ཟེར་བཤད་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་ལྟར་དུ་ སྤྱི་ལོ་ ༢༠༢༣ ལུ་ འབྲུག་གིས་ རང་སོའི་ངོ་རྟགས་རང་དབང་དེ་ རྒྱལ་ཡོངས་ཨང་གནས་ངོ་རྟགས་ཀྱི་ གཞི་འགྱམ་སྦེ་ འགོ་དང་པ་ ལག་ལེན་འཐབ་སྟེ་ འབྲུག་གི་རྒྱལ་ཡོངས་ཨང་གནས་ངོ་རྟགས་བཅའ་ཁྲིམས་ ཆ་འཇོག་གྲུབ་མི་དེ་གིས་ མི་སེར་རང་སོ་ལུ་ རང་སོའི་སྒེར་དོན་གནད་སྡུད་ཚུ་ དབང་བཟུང་འབད་ནི་གི་ ཐོབ་དབང་་སྤྲོདཔ་ཨིན་པས།
ད་རེས་ འབྲུག་གི་རྒྱལ་ཡོངས་ཨང་གནས་ངོ་རྟགས་དེ་གིས་ ཞབས་ཏོག་ཚུ་ འབྲུག་ནང་འཁོད་རྐྱངམ་གཅིག་ལུ་ སྤྲོད་དེ་ཡོད་རུང་ ང་བཅས་རའི་ ས་མཚམས་རྒལ་ཏེ་ ཁྱབ་སྤེལ་འབད་ནི་གི་ འཆར་སྣང་ཡོདཔ་ལས་ ད་རེས་ རྒྱལ་སྤྱིའི་ངོས་ལེན་ཡོངས་འབྲེལ་ནང་ འཛུལ་ཞུགས་འབད་མི་དེ་གིས་ ང་བཅས་རའི་ ཨང་གནས་རིམ་ལུགས་དེ་ གཞན་གྱི་ཨང་གནས་རིམ་ལུགས་ཚུ་དང་ གཅིག་ཁར་བསྒྲིལ་ཏེ་ འབྲུག་གི་ཨང་གནས་ངོ་རྟགས་ཚུ་ བློ་གཏད་ཀྱི་སྒོ་ལས་ འཁྲུལ་མེད་སྦེ་ ངོས་ལེན་འགྲུབ་ཚུགས་ནི་ཨིན་པས།
རྒྱལ་སྤྱི་ངོས་ལེན་ཡོངས་འབྲེལ་ནང་ འབྲུག་གིས་ གྲལ་གཏོགས་འབདཝ་ད་ གཞུང་སྒེར་མཉམ་འབྲེལ་དེ་ གལ་གནད་ཆེ་བའི་ གནད་དོན་སྦེ་ གཙོ་བོར་བཟུང་སྟེ་ རྒྱལ་སྤྱིའི་ངོས་ལེན་ཡོངས་འབྲེལ་ལུ་ འབྲུག་གི་ཉམས་མྱོང་དང་ མཁས་མཆོག་གི་ གནད་དོན་ཚུ་ བརྗེ་སོར་འབད་དེ་ རྒྱལ་སྤྱིའི་གནས་རིམ་ནང་ ཨང་གནས་ངོ་རྟགས་ཚུ་ བརྗེ་སོར་དང་ ངེས་སྦྱོར་ གོང་འཕེལ་འགྱོ་ནི་ཨིན་པའི་གནས་ཚུལ།





Users Today : 3059
Users Yesterday : 3875
This Month : 82614
This Year : 519607
Total Users : 1231423
Views Today : 5734
Total views : 3286448
Who's Online : 21