
སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ བར་སྦིས་སའི་ འཁོར་ལམ་རྒྱ་འགྲམ་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་གསོལ་རས་ འཚོ་གནས་ཀྱི་ བརྡ་མཚོན་སྟོན་མི་ ལུགས་བཟོའི་དྲན་རྟེན་ བཟོ་བསྐྲུན་འབད་མིའི་ མཛད་སྒོའི་རྟེན་འབྲེལ་ འགོ་འདྲེན་འཐབ་ནུག།
ལུགས་བཟོའི་དྲན་རྟེན་དེ་ བཟོ་བསྐྲུན་གྱི་དོན་ལུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ བཀོད་རྒྱ་ཐོབ་མི་དང་འཁྲིལ་ཏེ་ ནང་སྲིད་ལྷན་ཁག་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དྲན་རྟེན་དེ་ ཐིམ་ཕུ་དང་ སྤ་རོ་ལུང་ཕྱོགས་ཀྱི་ ཐབས་བྱུས་དང་ ཐིམ་ཕུའི་སྒྲིག་བཀོད་འཆར་གཞིའི་ ཆ་ཤས་སྦེ་ མི་དབང་མངའ་ཞབས་ལས་ གསོལ་རས་སྦེ་གནང་ནུག།
དེ་ཡང་ ཐིམ་ཕུར་འཛུལ་ཞུགས་སྒོ་ར་ ཡར་དྲག་གི་དོན་ལུ་དམིགས་ཏེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡ པའི་ནང་ བཟོ་བཀོད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ད་ འགྲན་བསྡུརཔ་ ༢༩ ཡོད་མི་ལས་ རྒྱལ་ཁམས་ཀྱི་ བརྩི་མཐོང་ལུ་ གཞི་བརྟེན་འབད་དེ་ ལམ་སྲོལ་བཟང་པོ་དང་ མ་འོངས་པའི་ རེ་འདུན་ ༢ ཀྱི་ བརྡ་མཚོན་བཟོ་བཀོད་ གདམ་ཁ་རྐྱབ་པའི་སྐབས་ལུ་ འཛམ་གླིང་ནང་ ལུགས་བཟོ་དང་ སྤྲོས་བཟོ་ལུ་ ཡོངས་གྲགས་ཅན་གྱི་མི་ངོམ་ སཱར་ཨེན་ཊོ་ནི་ གཱོམ་ལེ་གིས་ ཐིམ་ཕུ་བཟོ་རིག་བཅུ་གསུམ་སྤེལ་ཁང་ལས་ ཧི་རོ་ཡུ་ཀི་ སུ་ཟུ་ཀིའི་ ལུགས་བཟོ་དེ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལོ་ངོ་ ༡ གི་རིང་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ སཱར་ཨེན་ཊོ་ནི་ གཱོམ་ལེའི་ལམ་སྟོན་ཐོག་ལུ་ ལུགས་བཟོ་དེ་ ཞུན་དག་སྦེ་བཟོ་ནུག།
དྲན་རྟེན་དེ་གི་ བཟོ་བསྐྲུན་གྱི་ལཱ་དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༤ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ འཚོ་གནས་ཟེར་མི་ ལུགས་བཟོའི་དྲན་རྟེན་དེ་གིས་ ནང་པ་སངས་རྒྱས་པའི་ ཆོས་ལུགས་ནང་ རང་སོའི་ལས་དང་ སངས་རྒྱས་ཀྱི་ གོ་འཕང་ཐོབ་ནིའི་ རེ་བ་ལུ་བརྟེན་པའི་ རྣམ་སྤྲུལ་གྱི་ལྟ་བ་དང་ འཁོར་བར་འཁྱམས་པའི་ གནས་རིམ་གྱི་ཚུ་གི་ བརྡ་མཚོན་ཡང་ སྟོནམ་ཨིན་པས།
དེ་འབདཝ་ལས་ འཚོ་གནས་ཟེར་མི་ ལུགས་བཟོའི་དྲན་རྟེན་དེ་གིས་ འབྲུག་གི་རྒྱ་ཆེ་བ་དང་ གཏིང་ཟབ་པའི་ ནང་ཆོས་དང་ ལམ་སྲོལ་གྱིས་མ་ཚད་པར་ དེང་དུས་ཀྱི་ མི་མང་ལག་རྩལ་ཐབས་ལམ་གྱི་ བརྡ་མཚོན་ཡང་ སྟོནམ་ཨིན་པའི་གནས་ཚུལ།



Users Today : 990
Users Yesterday : 3743
This Month : 75249
This Year : 371215
Total Users : 1083031
Views Today : 1197
Total views : 3043219
Who's Online : 14