རྫོང་ཁ་གོང་འཕེལ་གཏང་ཐབས་ལུ་ གོ་བརྡའི་ཆིངས་ཡིག།

སྤྱིཟླ་ ༩ པའི་ཚེས་ ༣༠ ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་དང་ རྒྱལ་སྤྱི་གསར་ཤོག་ལས་སྡེའི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་མདོ་ཆེན་ ནག་མཚོ་རྡོ་རྗེ་དང་ རྒྱལ་སྤྱི་གསར་ཤོག་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མགོན་པོ་རྡོ་རྗེ་ ༢ ཀྱིས་ མིང་རྟགས་བཀོད་ཅི།
དེ་ཡང་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ གོང་འཕེལ་གཏང་ཐབས་ལུ་ གཞུང་གི་ལས་སྡེ་ཚུ་དང་ ལས་འཛིན་ལ་སོགས་པ་ཚུ་ནང་ ཉིན་བསྟར་བཞིན་དུ་ ལག་ལེན་འཐབ་སྲོལ་ཡོད་མི་ ཡིག་འགྲུལ་ཚུ་གིས་གཙོས་པའི་ རྫོང་ཁའི་མིང་ཚིག་དང་ བརྡ་སྦྱོར་ ཨིང་རྫོང་ཤན་སྦྱར་ལ་སོགས་པ་ཚུ་ རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ བདུན་རིམ་བཞིན་དུ་ ཁྱབ་སྤེལ་འབད་ཐབས་ལུ་ཨིན་པས།
གནད་དོན་དེ་ལུ་བརྟེན་ཏེ་ རྒྱལ་སྤྱི་གསར་ཤོག་འདི་ ལྷན་ཁག་དང་ གཙུག་སྡེ་ ས་གནས་གཞུང་སྐྱོང་ ལས་འཛིན་ལ་སོགས་པའི་ ཡིག་ཚང་ཚུ་གི་དོན་ལས་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ལོ་ངོ་ ༡ གི་རིང་ལུ་ རྒྱུན་མངག་འབད་བའི་ཁར་ ནང་དོན་ཚུ་གི་ཐེད་ཁར་ཡང་ རྒྱབ་སྐྱོར་འབད་ནི་ཨིནམ་སྦེ་ གོ་བརྡའི་ཆིངས་ཡིག་ནང་བཀོད་ནུག།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ སྒེར་གྱི་རྫོང་ཁའི་གསར་ཤོག་ ཕུད་རྡོག་ཅིག་ཨིན་མི་ རྒྱལ་སྤྱི་གསར་ཤོག་འདི་ ད་ལས་ཕར་ ཡུན་བརྟན་སྦེ་ གནས་ཐབས་ལུ་ ལྷན་ཁག་དང་ གཙུག་སྡེ་ ས་གནས་གཞུང་སྐྱོང་ ལས་འཛིན་ཚུ་གིས་ཡང་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ལ་སོགས་པའི་ཐོག་ལས་ རྒྱབ་སྐྱོར་གང་དྲག་མཛད་གནང་པའི་ རེ་བ་ཡོད་ཟེར་ རྒྱལ་སྤྱི་གསར་ཤོག་ལས་སྡེའི་ འཛིན་སྐྱོང་གི་ཁ་ཐུག་ལས་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: