
ཨཱལ་ཇ་ཟི་ར།
ར་ཤི་ཡའི་ དམག་མི་ཚུ་གིས་ བདུན་ཕྲག་ ༡ གི་ ནང་འཁོད་ལུ་ར་ ཡུ་ཀེ་རེན་གྱི་ཁྲོམ་ ༢ བཙན་དབང་འབད་ཡོདཔ་ད་ དེ་ཡང་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ལུང་ཕྱོགས་ནང་ ར་ཤི་ཡ་གིས་ ཉིན་བསྟར་བཞིན་དུ་ གནོད་འཚུབ་ཐེངས་ ༡༥༠ དེ་རེ་ བཀལ་དོ་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ དམག་སྤྱི་ཅིག་གིས༌ གསལ༌བཤད་འབད༌ནུག།
ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་འབད་བ་ཅིན་ ཁོང་གི་དམག་མི་ཚུ་གིས་ པོག་རོབཛ་ཁྲོམ་ཁར་ མདུན་བསྐྱོད་འབདཝ་ད་ རོ་དིབ་ཀ་ཁྲོམ་དེ་ཡང་ བཙན་དབང་འབད་ཡི་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ འདས་པའི་བདུན་ཕྲག་ནང་ ར་ཤི་ཡ་གིས་ མཁའ་ཐོག་ལས་ རྫས་བམ་ ༨༠༠ དེ་ཅིག་དང་ དམག་འཛིང་གནམ་གྲུ་ཆུང་བ་ ཌཱོན་ ༤༠༠ དེ་ལས་ མི་ཛ་ཡེལ་ ༢༠ དེ་ཅིག་ ཕྱད་མདའ་རྐྱབ་སའི་ ས་ཁོངས་ཚུ་ནང་ བཀོག་ཡོདཔ་སྦེ་བཤད་ནུག།
དེ་འབདཝ་ལས་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ ཡུ་ཀེ་རེན་གྱི་ མཐུན་འབྲེལ་རྒྱལ་ཁབ་ཚུ་ལུ་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གིས་ གྲོགས་རམ་སྦེ་ བྱིན་ཏེ་ཡོད་མི་ མི་ཛ་ཡེལ་ཚུ་ ར་ཤི་ཡའི་ གནམ་ཐང་ཚུ་ནང་ བཀོག་ཆོག་པའི་ གནང་བ་དགོཔ་སྦེ་ བཤད་ཡོད་རུང་ ར་ཤི་ཡའི་ཁ་ཐུག་ལས་ དེ་བཟུམ་མའི་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་བཅུག་པ་ཅིན་ གདོང་ལེན་ཚབས་ཆེན་འབད་ནི་ཨིན་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།
ར་ཤི་ཡའི་ ཕྱི་འབྲེལ་བློན་པོ་ སེར་གེ་ལབ་རོབ་ཀྱིས་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་ཁོངས་ནང་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལས་ཐོབ་མི་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་པ་ཅིན་ ར་ཤི་ཡའི་ སྲིད་འཛིན་གྱིས་ བརྩམས་ཏེ་ཡོད་མི་ གདོང་ལན་གྱི་ ལས་འཆར་དེ་ དེ་འཕྲལ་ལས་ ལག་ལེན་འཐབ་ནི་ཨིནམ་སྦེ་བཤད་ནུག།
མ་གཞི་ ར་ཤི་ཡའི་ ཁ་ཐུག་ལུ་ཡང་ ཕྱད་མདའ་དེ་ནང་ གྱོང་རྒུད་ཕོག་ཡོདཔ་ད་ དེ༌ཡང༌ འདས་པའི་བདུན་ཕྲག་ནང་ གནོད་འཚུབ་ཚབས་ཆེན་བཀལ་ནི་ འགོ་བཙུགས་པའི་ཤུལ་ལུ་ ར་ཤི་ཡའི་ དམག་མི་ཚུ་ལུ་ ཤི་རྐྱེན་ལོ༌ཤ༌ཅིག༌ བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1395046
Views Today :
Total views : 5000
Who's Online :