མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཨཱཛ་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཨཱཛ་ཊེ་ལི་ཡ་ སིཌ་ནི་ལུ་ འབྲུག་མི་སྟོང་ཕྲག་ལྷགཔ་ཅིག་དང་ མཇལ་ཕྲད་མཛད་གནང་ནུག།
དེ་བསྒང་ བིརཛ་བཱེན་དང་ ཨེ་ཌེ་ལ་ཡིཌ་ མེལ་བཱོན་ ཏཱཛ་མ་ནི་ཡ་ ཨར་མི་ཌཱེལ་གྱི་གཙོས་པའི་ ཁྲོམ་ཚོགས་གཞན་ཚུ་གི་ནང་ལས་ཡང་ དམིགས་བསལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གི་ ཞལ་མཇལ་བར་ འོང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ དེ་སྦེ་ ཨཱཛ་ཊེ་ལི་ཡ་ལུ་ ཆིབས་བསྐྱོད་གནང་དགོ་པའི་ གནད་དོན་གཙོ་བོ་ར་ འབྲུག་མི་ཚུ་དང་ མཇལ་ཕྲད་ཀྱི་དོན་ལུ་ཨིན་ཟེར་ གསུངས་གནང་ཡོདཔ་མ་ཚད་ ཨཱཛ་ཊེ་ལི་ཡ་ལུ་ སྡོད་མི་ཚུ་གིས་ཡང་ རང་གི་རྒྱལ་ཁབ་ནང་ གལ་ཆེ་བའི་ གོང་འཕེལ་ཚུ་ ག་དེ་སྦེ་ར་ འཐོནམ་ཨིན་ནའི་སྐོར་ལས་ ཤེས་དགོཔ་དེ་ གལ་ཆེ་ཟེར་ གསུངས་གནང་ནུག།
དེ་བཟུམ་སྦེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་སྣང་དང་ དམིགས་དོན་ཚུ་གི་སྐོར་ལས་ གསུངས་གནངམ་དང་འབྲེལ་ ཨཱཛ་ཊེ་ལི་ཡ་ལུ་ སྡོད་མི་ཚུ་གིས་ གྲལ་གཏོགས་ཧྲིལ་བུར་འབད་ནིའི་དོན་ལུ་ བསམ་འཆར་ཚུ་ཡང་ བཤད་དགོཔ་སྦེ་ གསུངས་གནང་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ སྡེ་ཚན་ཅིག་གིས་ ཁྲོམ་ཚོགས་དེ་གི་ འཆར་གཞི་ཨམ་གྱི་སྐོར་ལས་ གསལ་བཤད་འབད་བའི་ཤུལ་ལུ་ འབྲུག་གི་མ་འོངས་པའི་དོན་ལུ་ཨིན་མི་ གསར་བཏོད་ལས་འགུལ་དེ་ནང་ འབྲུག་མི་ཕྱི་ཁར་སྡོད་མི་ཚུ་གིས་ གྲལ་གཏོགས་ག་དེ་སྦེ་ར་ འབད་ཚུགས་ནི་ཨིན་ནའི་སྐོར་ལས་ཡང་ གྲོས་བསྟུན་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ད་རེས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ནང་རྟེན་བྱིན་རླབས་ཅན་ཚུ་ བསྣམས་བྱོན་མི་དེ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ག་ཏེ་བྱོན་སར་ མཇལ་ཁ་གནང་དོ་ཡོདཔ་ད་ གཟིགས་སྐོར་ལས་རིམ་དེ་ ཨཱཛ་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་སྡེ་ཚན་གྱིས་ རང་ལུགས་ལམ་སྲོལ་གྱི་ གཟིགས་སྟོན་ཅིག་ཕུལ་ཏེ་ མཇུག་བསྡུ་ནུག།
མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ཀེན་བེ་ར་ལུ་ ཆིབས་བསྐྱོད་གནང་ཡོད་བཞིན་དུ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ ཀེན་བེ་ར་ལུ་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནི་ཨིན་པའི་གནས་ཚུལ།

Please follow and like us: