
སི་ཨེན་ཨེན།
སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ ལྷོ་ཀོ་རི་ཡའི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་དང་གཅིག་ཁར་ འབྲེལ་བ་རྩ་མེད་བཟོ་ནི་གི་ ཉེན་བརྡ་འབད་བའི་ཤུལ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ འཁོར་ལམ་གཙོ་བོ་ ༢ བཏོར་བཏང་ཡི་ཟེར་ཨིན་པས།
དེ་ཡང་ རྒྱལ་ཁབ་ ༢ མཐུད་སྦྲེལ་འབད་མི་ ནུབ་ཕྱོགས་མཚོ་འགྲམ་ལུ་ ཇི་ཡོང་གུའི་ འཁོར་ལམ་དང་ ཤར་ཕྱོགས་མཚོ་འགྲམ་ལུ་ དོང་གེ་འཁོར་ལམ་ ༢ བཏོར་བཏང་ཡོདཔ་ད་ འཁོར་ལམ་དེ་ཚུ་དང་གཅིག་ཁར་ རེ་ལིའི་ལམ་ཚུ་ཡང་ རྫས་བམ་བསྐྱུར་ཏེ་ མེདཔ་བཏང་ནུག།
མ་གཞི་ རྒྱལ་ཁབ་ ༢ ཀྱིས་ རང་སོའི་ས་མཚམས་ཚུ་ ག་ནི་བ་ཡང་ བཙན་ཏོག་ཏོ་ བཟོ་སྟེ་ཡོདཔ་ལས་ འཁོར་ལམ་དང་ རེ་ལིའི་ལམ་ཚུ་ ལག་ལེན་མ་འཐབ་པར་ ལོ་ངོ་ལེ་ཤ་ཅིག་ སོང་ཡོད་རུང་ དེ་བཟུམ་མའི་ བྱ་སྤྱོད་ལུ་བརྟེན་ཏེ་ ལྷོ་བྱང་ཀོ་རི་ཡའི་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ ༢ ཀྱི་བར་ན་ དམིགས་བསལ་གྱིས་ མཐུན་འབྲེལ་མེད་པའི་ བརྡ་མཚོན་སྟོནམ་ཨིན་པས།
ལྷོ་ཀོ་རི་ཡའི་ སྲུང་སྐྱོབ་ལྷན་ཁག་གིས་ གསལ་སྟོན་འབད་མི་ བརྙན་ཐུང་ནང་ འཁོར་ལམ་དང་ དྲག་པོའི་དམག་མིའི་ བཅད་མཚམས་བདའ་སྟེ་ རྫས་བམ་ཚུ་འགས་པའི་ མཐོང་སྣང་ཚུ་ བཀོད་དེ་ཡོད་པའི་ཁར་ སྣུམ་འཁོར་ཊག་དང་ ས་བརྐོ་རྡོ་སློག་གི་ འཕྲུས་ཆས་ཚུ་ཡང་ མཐོངམ་ཨིན་རུང་ ལཱ་གཞན་གྱི་ཐེད་ཁར་ ག་ཅི་ར་འབདཝ་ཨིན་ནའི་སྐོར་ལས་ ཧ་གོ་མི་ཚུགས་པས་ཟེར་བཀོད་ནུག།
བྱང་ཀོ་རི་ཡ་གིས་ འཁོར་ལམ་དང་ རེ་ལིའི་ལམ་ཚུ་ བཏོར་བཏང་བའི་ལན་ལུ་ ལྷོ་ཀོ་རི་ཡ་གིས་ དྲག་པོའི་དམག་མིའི་ བཅད་མཚམས་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ ཀྲོབ་མདའ་ཚུ་ རྐྱབ་ཡོདཔ་ད་ ད་རེས་ བྱང་ཀོ་རི་ཡའི་ དམག་མིའི་ལཱ་ཚུ་ བལྟ་ཞིབ་འབདཝ་ཨིན་པས།
ག་དེམ་ཅིག་སྦེ་ དམག་འཁྲུག་རེ་ ལང་སྟེ་འབད་རུང་ ལྷོ་ཀོ་རི་ཡ་གིས་ ཡུ་ཨེཛ་དང་ མཉམ་འབྲེལ་ཐོག་ལས་ གྲ་སྒྲིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1298
Users Yesterday : 4443
This Month : 96185
This Year : 392151
Total Users : 1103967
Views Today : 1992
Total views : 3080622
Who's Online : 18