
རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ ནའི་ཇེ་རི་ཡའི་ ཁྲིམས་སྲུང་འགག་སྡེ་དང་ གློ་བུར་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནའི་ཇེ་རི་ཡའི་ བྱང་ཕྱོགས་མངའ་སྡེ་ ཇི་ག་ཝ་ཟེར་སར་ ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཅིག་ དེད་གཡོགཔ་གིས་ བཀག་མ་ཚུགས་པར་ མགོ་མཇུག་སློག་འགྱོཝ་ད་ ས་སྣུམ་པེ་ཊཱོལ་ ཕྱི་ཁར་ཐོན་ཏེ་ མེ་འབར་བའི་ རྐྱེན་ངན་ནང་ མི་གྲངས་ ༡༤༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ཨཱཕ་རི་ཀའི་ རྒྱལ་ཁབ་ཚུ་གི་གྲས་ལས་ ནའི་ཇེ་རི་ཡ་དེ་ མི་རློབས་མཐོ་ཤོས་ཡོད་མི་ རྒྱལ་ཁབ་ཅིག་ཨིནམ་ད་ ད་རེས་ཀྱི་ རྐྱེན་ངན་དེ་ སྔོན་ཆད་བྱུང་མ་མྱོང་པའི་ རྐྱེན་ངན་ཚབས་ཆེན་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་དེ་ནང་ སྲུང་སྐྱོབ་ཀྱི་ ཉེན་ཁ་དང་ འཚོ་བའི་གནས་གོང་གི་ དཀའ་ངལ་ཚུ་ཡང་ ཐོན་ཏེ་ཡོདཔ་ཨིན་པས།
ས་གནས་ཀྱི་ ཁྲིམས་སྲུང་འགག་སྡེའི་མགྲིན་ཚབ་ ལ་ཝཱན་ཤི་སུ་ ཨ་ཌཱམ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་དེ་ ཁྲོམ་རྙིང་ཤོས་ཀཱ་ནོ་ཟེར་ས་ལས་ ཡོ་བེ་མངའ་སྡེའི་ནང་ འགྲུལ་བསྐྱོད་འབད་དེ་ ས་གནས་མ་ཇི་ཡ་ཟེར་སར་ལྷོདཔ་ད་ རྐྱེན་ངན་དེ་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྐྱེན་ངན་བྱུང་སའི་ གཡུས་ཚན་གྱི་ མི་སེར་ཚུ་གིས་ ས་སྣུམ་ཕྱི་ཁར་ ཐོན་འགྱོ་མི་ དབོགས་ཐབས་འབདཝ་ད་ མེ་འབར་ཏེ་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ མི་གྲངས་ ༥༠ དེ་ཅིག་ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ཡོདཔ་ལས་ རིན་ཇིམ་དང་ ཧ་དེ་ཇ་ཁྲོམ་ཚུ་གི་ སྨན་ཁང་ནང་བསྐྱལ་ཏེ་ སྨན་བཅོས་ཚུ་འབད་དོ་ཡོདཔ་ཨིན་པས།
ནའི་ཇེ་རི་ཡ་ལུ་ འཁོར་ལམ་མང་ཤོས་ཅིག་ར་ རྒྱུན་སྐྱོང་ལེགས་ཤོམ་སྦེ་ མ་འཐབ་པར་ཡོདཔ་ལས་ ལོ་བསྟར་བཞིན་དུ་ སྣུམ་འཁོར་ཐུག་རྐྱེན་ནང་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ད་ དེ་བཟུམ་སྦེ་ འདས་པའི་ཟླཝ་ནང་ཡང་ ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཅིག་ སྣུམ་འཁོར་གཞན་ཅིག་དང་ ཁ་ཐུག་རྐྱབ་ལས་ མི་གྲངས་ ༤༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1394294
Views Today :
Total views : 5000
Who's Online :