
བི་བི་སི།
ཊེ་ལི་ཡའི་ བྱང་ཕྱོགས་མངའ་སྡེའི་གཞུང་གིས་ ཉེས་འགེལ་གྱི་ འགན་ཁུར་འཁྲི་བའི་ ལོ་ཚད་མར་ཕབ་ཐོག་ལས་ མགྱོགས་པ་ར་ སྐྱེས་ལོ་ ༡༠ འབད་མི་ ཨ་ལོ་ཚུ་ལུ་ཡང་ བཙོན་ཁྲིམས་བཀལ་ནི་ འགོ་བཙུགས་ནི་ཨིན་པས།
མ་གཞི་ ཨཱཛ་ཊེ་ལི་ཡ་ མངའ་སྡེའི་གཞུང་ཚུ་ལུ་ བཙོན་ཁྲིམས་བཀལ་ཆོག་པའི་ ལོ་ཚད་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ བསླབ་བྱ་དང་འཁྲིལ་ཏེ་ སྐྱེས་ལོ་ ༡༠ ལས་ ༡༤ ལུ ཡར་སེང་འབད་དགོཔ་སྦེ་ ནན་སྐུལ་འབདཝ་ལས་ ན་ཧིང་ བྱང་ཕྱོགས་མངའ་སྡེ་གིས་ ལོ་ཚད་དེ་ སྐྱེས་ལོ་ ༡༢ ལུ་ ཡར་སེང་འབད་ནུག།
ཨིན་རུང་ མདང་ཞག་ སྤྱི་ཟླ་ ༩ པའི་ནང་ བཙག་འཐུ་གྲུབ་མི་ ཀཱན་ཊི་ལི་བ་རཱལ་ སྲིད་ཚོགས་ཀྱིས་ ཉེས་འགེལ་གྱི་ ལོ་ཚད་དེ་ ཡང་བསྐྱར་མར་ཕབ་འབད་དགོཔ་སྦེ་ བཤདཔ་ཨིན་པས།
དེ་ཡང་ ཉེས་འགེལ་དང་འབྲེལ་ཏེ་ བཙོན་ཁྲིམས་བཀལ་ཆོག་པའི་ ལོ་ཚད་དེ་ སྐྱེས་ལོ་ ༡༠ ལུ་ མར་ཕབ་འབད་དགོཔ་དེ་ མཐར་ཐུག་ལུ་ ཨ་ལོ་ཚུ་གི་ ཉེན་སྐྱོབ་ལུ་ཨིན་རུང་ དྲུང་འཚོ་དང་ འགྲོ་བ་མིའི་དབང་ཆ་ཚོགས་པ་ དེ་ལས་ གཡུས་ཁའི་མི་སེར་ཚུ་གི་ མནོ་བསམ་དང་ རྒྱབ་འགལ་ཅན་གྱི་ གནད་དོན་ཅིག་ཨིནམ་སྦེ་བཀོད་ནུག།
ད་རེས་ བྱང་ཕྱོགས་མངའ་སྡེའི་ནང་ ཨ་ལོ་ལུ་ བཙོན་ཁྲིམས་བཀལ་ནི་གི་ ཚད་གཞི་དེ་ མངའ་སྡེ་གཞན་ཚུ་དང་ཕྱདཔ་ད་ བརྒྱ་ཆ་ ༡༡ དེ་ཅིག་གི་རྩིས་ མཐོཝ་སྦེ་ཡོདཔ་ད་ དེ་བཟུམ་མའི་ ཨ་ལོ་ཚུ་ཡང་ མང་ཤོས་ར་ གཡུས་ཁའི་མི་སེར་གྱི་ ཨ་ལོ་ཚུ་ཨིན་པས།
ཨཱཛ་ཊེ་ལི་ཡའི་ ས་ཁོངས་ལེ་ཤ་ཅིག་ནང་ ན་གཞོན་གྱི་ ཉེས་འགེལ་དང་འབྲེལ་བའི་ དཀའ་ངལ་སྦོམ་སྦེ་ར་ འཐོནམ་བཞིན་དུ་ དུས་ཅི་ གནོད་འཚེ་ཅན་གྱི་ བྱ་སྤྱོད་ཚུ་ ལོག་ཅིང་ར་ ཐོན་ཡོདཔ་ལས་ བྱང་ཕྱོགས་མངའ་སྡེའི་ནང་ ན་གཞོན་འགྲུལ་བཀག་ཚུ་ཡང་ ལག་ལེན་འཐབ་དགོཔ་བྱུང་ནུག།
བྱང་ཕྱོགས་མངའ་སྡེའི་ གཙོ་འཛིན་བློན་པོ་ ཨམ་ལི་ཡ་ ཕི་ནོ་ཅི་ཨ་རོ་གིས་ མངའ་སྡེའི་གཞུང་ལུ་ མི་སེར་ཚུ་ ཉེན་སྲུང་དང་ལྡན་ཏོག་ཏོ་སྦེ་ བཞག་ནི་དང་ འཇིགས་སྐྲག་གི་ངང་ལུ་ སྡོད་མ་དགོཔ་ བཟོ་ནི་གི་ འགན་ཁུར་འཁྲིཝ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ མངའ་སྡེ་གཞུང་གིས་ གློད་གྲོལ་གྱི་ སྒྲིག་གཞི་ཚུ་ཡང་ དམ་དམ་བཟོ་ཡོདཔ་ད་ མི་སྡེ་བརྒྱུད་ཚུ་ནང་ རང་སོའི་ཉེས་འགེལ་ལཱ་གི་སྐོར་ལས་ རང་བསྟོད་ཅན་གྱི་ བརྡ་དོན་སྤེལ་མི་ཚུ་ལུ་ཡང་ ཉེས་བྱ་ཚུ་བཀལ་ནི་ འགོ་བཙུགས་ནུག།
བྱང་ཕྱོགས་མངའ་སྡེའི་ནང་ བཙོན་ཁྲིམས་བཀལ་ཆོག་པའི་ ལོ་ཚད་ཡར་སེང་དེ་ མགྱོགས་པ་ར་ ལག་ལེན་འཐབ་ནི་སྦེ་ཨིན་རུང་ དུས་ཚོད་གཏན་འཁེལ་ མ་བཟོ་བས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3921
Users Yesterday : 3320
This Month : 94365
This Year : 390331
Total Users : 1102147
Views Today : 6693
Total views : 3077753
Who's Online : 21