སྤ་རོ་རྒྱལ་སྤྱི་གནམ་ཐང་ རྒྱ་སྐྱེད་ཀྱི་དོན་ལས་ ས་ཆ་ཨེ་ཀར་ ༩༠ ལྷགཔ་ཅིག་ མཁོ་སྒྲུབ་འབད་དགོ་ནི།

སྤ་རོ་རྒྱལ་སྤྱི་གནམ་གྲུའི་ཐང་དེ་ གནས་ཚད་དང་མ་ལྡནམ་ལས་ གནམ་ཐང་རྒྱ་སྐྱེད་འབད་དགོཔ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ དེ་སྦེ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ གཞུང་ས་དང་ སྒེར་གྱི་ས་ཆ་ཚུ་བརྩིས་ཏེ་ ས་ཆ་ཨེ་ཀར་ ༩༠ ལྷགཔ་ཅིག་ མཁོ་སྒྲུབ་འབད་དགོ་ནི་ཨིན་པས།
དེ་འབདཝ་ལས་ གནམ་ཐང་གི་ ས་ཆ་མཁོ་སྒྲུབ་ཀྱི་དོན་ལུ་ ལས་འབྲེལ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་མིའི་ནང་ སྤ་རོ་རྫོང་ཁག་གི་ ས་ཆ་ལས་སྡེ་དང་ ཝང་ཅང་རྒཔོ་ སྤ་རོ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ ས་ཐོག་སྐྱེལ་འདྲེན་ལས་ཁུངས་ ཞི་བའི་མཁའ་འགྲུལ་དབང་འཛིན་ དེ་ལས་ གནམ་གྲུ་སྐྱེལ་འདྲེན་ལས་ཁུངས་ཀྱི་ འཐུས་མི་ཚུ་ཡོདཔ་ཨིན་པས།
ཚོགས་ཆུང་དེ་གིས་ གནམ་ཐང་རྒྱ་སྐྱེད་ཀྱི་དོན་ལས་ ས་ཁོངས་ ༦ ངོས་འཛིན་འབད་ཡོད་མི་ཚུ་ཡང་ ལྷོ་ཁ་ཐུག་ལུ་ བོང་སྡེའི་ས་ཁོངས་ ཆ་ཤས་ཅིག་དང་ ཁྱུང་དུང་མཁར་ བྱང་ཁ་ཐུག་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་དང་ ཟམ་གྱི་ཉེ་འདབས་ དེ་ལས་ ཁང་ཁུའི་ས་ཁོངས་ཚུ་ ཚུད་དོ་ཡོདཔ་ད་ ས་ཆ་མཁོ་སྒྲུབ་དེ་ཡང་ གོ་རིམ་ ༣ སྦེ་ ལག་ལེན་འཐབ་ནི་ཨིན་པས།
སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་ལམ་རྙིངམ་དེ་ གནམ་གྲུའི་རྒྱུག་ལམ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ བསྐྱར་བཟོ་འབད་དགོཔ་ཡོདཔ་ལས་ འཁོར་ལམ་བསྐྱར་བཟོའི་དོན་ལས་ དཔག་ཚད་བཀལ་ནི་གི་ འོས་འབབ་བརྟག་ཞིབ་ཚུ་ག་ར་ མཇུག་བསྡུ་ཡི་ཟེར་ཨིན་པས།
རྒྱལ་སྤྱི་གནམ་ཐང་གི་ ་གནས་ཚད་དང་འཁྲིལ་བ་ཅིན་ གནམ་གྲུའི་རྒྱུག་ལམ་ས་ཁོངས་དེ་ རྒྱུག་ལམ་ལྟེ་བ་ལས་ ཉུང་ཤོས་ར་ མི་ཊར་ ༧༥ གི ས་ཁར་བཞག་དགོཔ་ད་ མཐའམ་ ༢ ཆ་ར་ལུ་ རྒྱུག་ལམ་མཇུག་གི་ ཉེན་སྲུང་ས་ཁོངས་དེ་ མི་ཊར་ ༩༠ རེ་ བཞག་དགོཔ་ཨིན་པས།
ད་རེས་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ རྒྱུག་ལམ་མཐའམ་དེ་ མི་ཊར་ ༤༥ ལས་ མེད་པའི་ཁར་ ལྷོ་ཕྱོགས་ཁ་ཐུག་ལུ་ རྒྱུག་ལམ་མཇུག་གི་ ཉེན་སྲུང་ས་ཁོངས་དེ་ཡང་ མེདཔ་ཨིན་པས།
ས་ཆ་མཁོ་སྒྲུབ་ཀྱི་ གོ་རིམ་དང་པའི་ནང་ ལྷོ་ཁ་ཐུག་ལུ་ རྒྱུག་ལམ་མཇུག་གི་ ཉེན་སྲུང་ས་ཁོངས་ གཞི་བཙུགས་འབད་ནི་དང་ ཁྱུང་དུང་མཁར་ ཁ་ཐུག་ལུ་ རྒྱུག་ལམ་རྒྱ་སྐྱེད་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
དེ་ཡང་ གོ་རིམ་དང་པའི་ནང་ སྒེར་གྱི་ས་ཆའི་ཇོ་བདག་ ༨༧ གྱི་ སྡོད་ཁྱིམ་ཚུ་ བརྡལ་གཏང་དགོཔ་ཨིན་རུང་ ས་ཚབ་བྱིན་ཏེ་ སྡོད་ཁྱིམ་ཚུ་ བཟོ་ཚར་ཞིནམ་ལས་མ་གཏོགས་ མི་བརྡལ་ནི་ཨིན་པས།
གོ་རིམ་གཉིས་པའི་ནང་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ ཉེ་འདབས་ལུ་ བྱང་ཕྱོགས་ཁ་ཐུག་གི་ རྒྱུག་ལམ་ལས་ འགོ་བཙུགས་ནི་ཨིནམ་ད་ གོ་རིམ་དེ་ནང་ སྒེར་གྱི་ས་ཆའི་ཇོ་བདག་ ༩༧ དེ་ཅིག་ལུ་ ཐོ་ཕོག་ནི་ཨིན་པས།
དེ་ལས་ གོ་རིམ་གསུམ་པའམ་ གོ་རིམ་མཇུག་གི་ནང་ ཁང་ཁུའི་ས་ཁོངས་ཚུ་ ཚུད་ནི་ཨིནམ་ད་ དེ་ཡང་ གཙོ་བོ་ གཞུང་ས་ཚུ་ ཚུད་ནི་ཨིནམ་ལས་ སྒེར་གྱི་སའི་ཇོ་བདག་ ༡ ལུ་མ་གཏོགས་ གཞན་མི་ཚུ་ལུ་ ཐོ་མི་ཕོག་ནི་ཨིན་པའི་གནས་ཚུལ།

Please follow and like us: