
འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ འཆི་མེད་ལྷ་ཁང་ མཇལ་བར་འོང་མི་ བལྟ་བཤལཔ་ཚུ་གི་ མཇལ་འཐུས་ཚུ་ ལོག་སྤྱོད་འབད་མི་ བདེ་སྲུངཔ་ཕོ་སྐྱེས་ ༢ དང་ ཨམ་སྲུ་ ༢ ལུ་ ཞིབ་དཔྱད་འབད་མི་དེ་ མཇུག་བསྡུ་ནུག།
དེ་ཡང་ འཆི་མེད་ལྷ་ཁང་ མཇལ་འཐུས་ཚུ་གི་དོན་ལུ་ དངུལ་ཁང་ནང་ རྩིས་ཁྲ་མེདཔ་ལས་ བདེ་སྲུངཔ་ཚུ་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ འབྲུག་གི་དངུལ་ཁང་ནང་ རང་སོའི་དངུལ་ཕོགས་ གསོག་འཇོག་གི་དོན་ལས་ རྩིས་ཁྲ་རེ་ ཕྱེ་ཡོད་མི་ཚུ་ནང་ ལྷ་ཁང་གི་མཇལ་འཐུས་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།
རྒྱལ་གཞུང་འགག་སྡེ་གིས་ ཞིབ་དཔྱད་སྐབས་ལུ་ ཁོང་གི་རྩིས་ཁྲ་ཚུ་ནང་ དངུལ་ཀྲམ་ ༡༧,༦༩༨ ཡོདཔ་སྦེ་ གསལ་སྟོན་འབད་ཡོད་རུང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ཚེས་ ༩ ཚུན་གྱི་བར་ན་ བདེ་སྲུངཔ་ཚུ་གི་ རྩིས་ཁྲ་ ༤ གི་ནང་ དངུལ་ཀྲམ་ས་ཡ་ ༣༨.༤༣ བཙུགས་ཡོད་པའི་ མངོན་གསལ་བྱུང་མིའི་གྲས་ལས་ དངུལ་ཀྲམ་ས་ཡ་ ༡༥.༠༩ འབད་མི་ཅིག་ ལྷ་ཁང་གི་ མཇལ་འཐུས་སྦེ་ སྤུ་ན་ཁ་རྫོང་ཁག་གི་ རྩིས་ཁྲའི་ནང་ བཙུགས་ཡོདཔ་སྦེ་བཀོད་ནུག།
མ་གཞི་ བདེ་སྲུངཔ་ ༤ གི་ ཟླ་རིམ་དངུལ་ཕོགས་དེ་ ཟླ་ངོ་ ༢༠ ལུ་ དངུལ་ཀྲམ་ས་ཡ་ ༢.༡༠༡ ར་ཨིནམ་ལས་ ལྷག་ལུས་དངུལ་ཀྲམ་ས་ཡ་ ༢༡.༢༤༠ གི་ འབྱུང་ཁུངས་དང་ ཟད་འགྲོ་ཚུ་ བཏང་ས་ག་ཏེ་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ བདེ་སྲུངཔ་ཚུ་གིས་འབད་བ་ཅིན་ རང་སོའི་སྒེར་གྱི་མ་དངུལ་དང་ པུཐ་ཟེར་མི་ དངུལ་བཟོའི་ལས་རིམ་ཐོག་ལས་ དངུལ་བརྗེ་སོར་གྱི་ ཁེ་སང་ཚུ་ཨིནམ་སྦེ་ ཉེས་ལས་འབད་བའི་ ཁས་ལེན་འབད་མ་བཏུབ་པ་ལུ་བརྟེན་ཏེ་ རྩོད་བཤེར་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་ཀྱི་དོན་ལས་ བཏང་ཡོདཔ་ཨིན་པས།
རྒྱལ་གཞུང་འབཕྲུག་གི་འགག་སྡེ་གིས་ དངུལ་ཁང་ནང་ རྩིས་ཁྲ་འགོ་དང་པ་ ཕྱེ་བའི་སྐབས་ལུ་ དངུལ་བསྡོམས་ཆུང་ཀུ་ཅིག་ལས་མེད་རུང་ ཟླ་ངོ་ ༢༠ གི་ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ བཙུགས་བཞག་འབད་མི་དེ་ དོགས་ཟོན་ཅན་གྱི་ གནད་དོན་ཅིག་ཨིནམ་སྦེ་བཀོད་ནུག།
དེ་ཡང་ སྟག་ཚང་གི་ མཇལ་འཐུས་དང་འབྲེལ་བའི་ བྱེལཝ་ཐོན་པའི་སྐབས་ལུ་ བདེ་སྲུངཔ་ ༤ གིས་ དངུལ་ཁང་གཞན་ཚུ་གི་ནང་ཡང་ རྩིས་ཁྲ་གསརཔ་ཚུ་ཕྱེ་སྟེ་ དངུལ་ས་ཡ་སྦེ་ ཕར་ཚུར་གཏོང་ལེན་འབད་དེ་ ཁོང་རའི་རྩིས་ཁྲའི་ནང་ དངུལ་ཉུང་སུ་ཅིག་ལས་བརྒལ་ཏེ་ མ་བཞགཔ་ཨིན་པས།
འཆི་མེད་ལྷ་ཁང་གི་ མཇལ་འཐུས་དེ་ འགོ་དང་པ་ མི་རེར་དངུལ་ཀྲམ་ ༡,༠༠༠ རེ་སྦེ་ བཀོད་དེ་ཡོད་རུང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༩ པའི་ནང་ལས་ དངུལ་ཀྲམ་ ༥༠༠ རེ་ལུ་ མར་ཕབ་འབད་ནུག།
དེ་བཟུམ་སྦེ་ རྒྱལ་གཞུང་འགག་སྡེ་གིས་ ཅང་སྒང་ཁ་ལྷ་ཁང་གི་ མཇལ་འཐུས་དང་འབྲེལ་བའི་ གནད་དོན་ནང་ཡང་ ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ དངུལ་དུམ་གྲ་རེ་ ལོག་སྤྱོད་འབད་ཡོད་པའི་ དོགས་པ་ཡོད་རུང་ སྒྲུབ་བྱེད་ག་ནི་ཡང་ མ་ཐོནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་ཀྱི་དོན་ལས་ བཏང་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 1757
Users Yesterday : 4124
This Month : 61330
This Year : 498323
Total Users : 1210139
Views Today : 2315
Total views : 3255015
Who's Online : 15