འབྲུག་གི་གནམ་གྲུ་ ཡུ་ནའི་ཊེཌ་ཨ་རབ་ ཨེ་མི་རེཊཛ་གི་རྒྱལ་ས་ དུ་བཱའི་ལུ་ འཕུར་འགྲུལ་འབད་བའི་ འགོ་འབྱེད་རྟེན་འབྲེལ།

པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ འབྲུག་གི་རྒྱལ་སྤྱི་མཐུད་འབྲེལ་གྱི་ འབྱུང་རབས་ནང་ འགོ་དང་པ་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུ་དེ་ ཡུ་ནའི་ཊེཌ་ཨ་རབ་ ཨེ་མི་རེཊཛ་གི་རྒྱལ་ས་ དུ་བཱའི་ལུ་ འཕུར་འགྲུལ་འབད་ནུག།
དེ་བསྒང་ གནམ་གྲུ་འཕུར་འགྲུལ་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དབུ་གཙོས་པའི་ ཨ་ཞེ་ཡིད་འཚོ་ལྷ་མོ་དང་ ཡབ་དྲག་ཤོས་དོན་གྲུབ་རྒྱལ་མཚན་གྱིས་ དབུ་བཞུགས་མཛད་ཡོདཔ་མ་ཚད་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་གྱི་ མཛད་སྒོ་དེ་ཡང་ གནམ་གྲུའི་ཐེམ་སྐས་གུ་ བཀྲིས་ཁ་དར་གྱི་ མདུད་ཕུད་འཁྱོལ་གནང་པའི་ཤུལ་ལུ་ ཁྱད་འཕགས་ཀྱི་ སྐུ་མགྲོན་ཚུ་ གནམ་གྲུའི་ནང་ འཛུལ་ཐོག་ལས་ དུ་བཱའི་ལུ་ འཕུར་འགྲུལ་འབད་ནུག།
འབྲུག་གི་གནམ་གྲུ་དེ་ དུ་བཱའི་གནམ་ཐང་ནང་ཆགསཔ་ད་ མངར་ཟས་ཅིག་བཏོག་སྟེ་ ཕེབས་བསུའི་རྟེན་འབྲེལ་ བརྩི་སྲུང་འབད་ཡོདཔ་ད་ དེ་ཚེ་ཕྱི་རུ་ ཇེ་ཌབ་ལུ་ མ་རི་ཡོཊ་མར་ཀུའི་ བཟའ་ཁང་ནང་སྦེ་ བསུ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བསུ་སྟོན་དེ་ཁར་ དུ་བཱའི་གནང་ཐང་ཚུ་གི་ གཙོ་འཛིན་འོགམ་ ཨ་ཧ་མེད་བུ་ཊི་ ཨ་ཧ་མེད་དང་ ཆེ་མཐོའི་འགོ་དཔོན་ཚུ་ དེ་ལས་ ཡོངས་གྲགས་ཅན་གྱི་ ལམ་འགྲུལ་ལས་སྡེ་དང་ བརྡ་བརྒྱུད་ངོ་ཚབ་ཚུ་ དེ་ལས་ གཞན་ཡང་ ཡུ་ནའི་ཊེཌ་ཨ་རབ་ ཨེ་མི་རེཊཛ་ལུ་ཡོད་མི་ འབྲུག་པའི་མི་སྡེ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
བསུ་སྟོན་དེ་ འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ མཁའ་ལམ་གསར་པའི་ གལ་གནད་དང་ འབྲུག་གི་མཐུད་འབྲེལ་ཡར་དྲགས་ལུ་ ཁས་ལེན་བསྐྱར་གསོ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གསལ་བཤད་འབད་དེ་ འགོ་བཙུགས་ཡོདཔ་ཨིན་པས།
བསུ་སྟོན་དེ་ནང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་མི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ཡུན་བརྟན་དང་ དྲན་ཤེས་ གསར་བཏོད་ཚུ་ལུ་ ཆེད་དུ་དམིགས་པའི་ འགྱུར་ཁྱད་ཅན་གྱི་ གསར་བཏོད་ལས་དོན་ཅིག་ཨིན་པའི་སྐོར་ལས་ཡང་ གསལ་བཤད་འབད་ནུག།
གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ཡང་ བསུ་སྟོན་དེ་ཁར་ འཛོམས་མི་ཚུ་ལུ་ འབྲུག་བལྟ་བཤལ་དང་ འབྲུག་མཁའ་འགྲུལ་གྱིས་ འབྲུག་གི་ལམ་སྲོལ་བཟང་པོ་དང་ བལྟ་བཤལ་གྱི་གོ་སྐབས་ དེ་ལས་ མཐུད་འབྲེལ་གསརཔ་ཚུ་གི་སྐོར་ལས་ གསལ་བཤད་འབད་ནུག།.
བསུ་སྟོན་དེ་ འབྲུག་དང་ ཡུ་ནའི་ཊེཌ་ཨ་རབ་ ཨེ་མི་རེཊཛ་གི་བར་ན་ མ་འོངས་པའི་ འགྲུལ་བསྐྱོད་ཁས་ལེན་ཐོག་ལས་ ཁ་རྗེ་རྒྱན་ཤོག་དང་ ལུགས་མཐུན་ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་སྟེ་ མཇུག་བསྡུ་ཡོདཔ་ཨིན་པས།
ད་རེས་ གནམ་གྲུའི་འཕུར་འགྲུལ་ འགོ་བཙུགས་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་སྲ་བརྟན་ བཟོ་ནི་གིས་མ་དོ་བར་ བལྟ་བཤལ་གྱི་ འགྲུལ་ལམ་ཡང་ སྒོ་ཕྱེ་ཡོདཔ་ལས་ འགྲུལ་བསྐྱོད་འབད་མི་ཚུ་ལུ་ བྱོན་ལེགས་དང་ ལམ་སྲོལ་ ༢ ཀྱི་ ཉམས་མྱོང་ཚུ་ལུ་ཡང་ མཐུན་རྐྱེན་སྦྱར་ནི་ཨིན་པའི་གནས་ཚུལ།

Please follow and like us: