
འབྲུག་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ སུ་ཡི་ཛར་ལེན་གྱི་རྒྱལ་ས་ ཇི་ནི་ཝ་ལུ་སྦེ་ རྒྱལ་སྤྱིའི་དུས་མཐུན་བསྐྱར་ཞིབ་འོག་གི་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ཚོགས་སྡེ་ལུ་ འབྲུག་གཞུང་གིས་ རྒྱལ་ཡོངས་སྙན་ཞུ་བཞི་པ་ ཕུལ་ཡོདཔ་ད་ ལས་སྡེ་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡོད་མི་ འབྲུག་གི་འཐུས་མི་སྡེ་ཚན་དེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱིས་ འགོ་ཁྲིད་མཛད་ནུག།
ཕྱི་འབྲེལ་བློན་པོ་གིས་ རྒྱལ་སྤྱིའི་དུས་མཐུན་བསྐྱར་ཞིབ་ ༣ པའི་ནང་ལས་ ཆ་འཇོག་གྲུབ་མི་ གྲོས་འདེབས་ཚུ་དང་འཁྲིལ་ཏེ་ སྙན་ཞུ་ཕུ་མིའི་ནང་ འབྲུག་གི་ཁ་ཐུག་ལས་ ངོས་ལེན་རུང་བའི་ ལས་དོན་གསར་བཏོད་དང་ ཁས་ལེན་ཚུ་དང་སྦྲགས་ཏེ་ ད་ཚུན་གྱི་ ཡར་འཕེལ་གྲུབ་འབྲས་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡོདཔ་ད་ འབྲུག་ལུ་དོ་འགྲན་དང་ གོང་འཕེལ་གྱི་ གཙོ་རིམ་ཚུ་ ལོགས་སུ་ཡོད་རུང་ འགྲོ་བ་མིའི་དབང་ཆ་ ཉེན་སྲུང་དང་ གོང་འཕེལ་ལུ་ཡང་ ཁས་ལེན་ཡོད་ཟེར་ཨིན་པས།
དེ་བསྒང་ འཐུས་མི་རྒྱལ་ཁབ་ཚུ་གིས་ འབྲུག་གི་ཡར་འཕེལ་སྐོར་ལས་ ཆེད་དུ་བསྟོད་དེ་ ད་ལས་ཕར་ རྒྱལ་ཁབ་ནང་ འགྲོ་བ་མིའི་དབང་ཆ་ བཙན་ཐབས་ལུ་ ལག་ལེན་འཐབ་དགོཔ་ཚུ་གི་ གྲོས་འདེབས་ཚུ་ཡང་བཀོད་ནུག།
རྒྱལ་སྤྱིའི་དུས་མཐུན་བསྐྱར་ཞིབ་དེ་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༣ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ གྲོས་ཆོད་ཨང་ ༦༠/༢༥༡ གི་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ད་ དེ་ཡང་ ལོ་ངོ་ཕྱེད་དང་ ༥ རེའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ རེ་རེ་བཞིན་གྱི་ འགྲོ་བ་མིའི་དབང་ཆ་དང་འབྲེལ་བའི་ ཡར་འཕེལ་ཚུ་ འཐུས་མི་རྒྱལ་ཁབ་གཞན་ཚུ་གིས་ བསྐྱར་ཞིབ་འབད་ནི་ལུ་ འགྲོ་བ་མིའི་དབང་ཆ་ཚོགས་སྡེའི་ ཁྱད་ཆོས་ཅན་གྱི་ ཐབས་ལམ་ཅིག་ཨིན་པས།
ཡར་འཕེལ་སྙན་ཞུ་དང་པ་དེ་ སྤྱི་ལོ་ ༢༠༠༨ ལུ་ བསྐྱར་ཞིབ་འབད་ཞིནམ་ལས་ཚུར་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ ༡༩༣ གྱི་ ཡར་འཕེལ་ཚུ་ ལན་ཐེངས་ ༣ རེ་ བསྐྱར་ཞིབ་འབད་ཡོདཔ་ད་ ལན་ཐེངས་ ༤ པ་དེ་ ད་རེས་ བསྐྱར་ཞིབ་འབད་ཡོད་པའི་གནས་ཚུལ།




Users Today : 3501
Users Yesterday : 3320
This Month : 93945
This Year : 389911
Total Users : 1101727
Views Today : 5961
Total views : 3077021
Who's Online : 24