
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡ པའི་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱི་ ཡིག་ཚང་གི་ གནས་ཡུན་ཚང་ནི་ཨིན་པའི་ སྔ་གོང་ལས་ ཡུ་ཀེ་རེན་ལུ་ སྲུང་སྐྱོབ་གྲོགས་རམ་ ཌོ་ལར་ཐེར་འབུམ་ལས་བཅད་དེ་ གང་མགྱོགས་གཏང་ནི་སྦེ་ཨིནམ་ད་ དེ་ཡང་ ད་རེས་ ཡུ་ཨེཛ་གི་ སྲིད་འཛིན་བཙག་འཐུའི་ནང་ལས་ ཌོ་ནཱལ་ཊཱམ་གྱིས་ རྒྱལ་ཁ་ཐོབ་པ་ལུ་བརྟེན་ཏེ་ཨིན་པས།
ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་གི་གྲོགས་རམ་ བྱིན་མི་ལུ་ ཁ་བཏང་ཡོད་པའི་ཁར་ གལ་སྲིད་ ཁོ་གིས་ སྲིད་འཛིན་བཙག་འཐུའི་ནང་ལས་ རྒྱལ་ཁ་འཐོབ་པ་ཅིན་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ མཇུག་བསྡུ་གཏང་ནི་གི་ ཁས་བླངས་འབད་ཡོད་རུང་ ག་དེ་སྦེ་ མཇུག་བསྡུ་གཏང་ནི་ཨིན་ནའི་སྐོ་ལས་ ཁ་གསལ་ཅིག་ མ་བཀོདཔ་ཨིན་པས།
དེའབདཝ་ལས་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱིས་ ཡུ་ཀེ་རེན་ལུ་ མ་འོངས་པའི་ རྒྱབ་སྐྱོར་དེ་ ག་བཟུམ་ཅིག་ལུ་ འགྱུར་ནི་གི་ ངེས་པ་མེད་པའི་ ཚ་གྱང་ཡོདཔ་ལས་ བ་ཡེ་ཌེན་གཞུང་གི་ ཆེ་མཐོའི་འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བ་ཡེ་ཌེན་གཞུང་གི་ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ གྲོགས་རམ་ཚུ་ཡང་ ག་དེ་དྲག་དྲག་དང་ ག་དེ་མགྱོགས་མགྱོགས་ བྱིན་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
མ་གཞི་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་གི་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་གྱིས་ ཌོ་ནཱལ་ཊཱམ་ལུ་ བཀྲིས་བདེ་ལེགས་ཀྱི་ གསུང་འཕྲིན་ནང་གསལ་ འཛམ་གླིང་ནང་ འགོ་ཁྲིདཔ་དང་པའི་གྲས་ཁར་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ མི་སྡེ་བརྡ་བརྒྱུད་ནང་ཡང་ ཁོང་ ༢ ཀྱི་བར་ན་ མཉམ་འབྲེལ་ཡར་དྲགས་གཏང་ནི་དང་ འཛམ་གླིང་ནང་ ཡུ་ཨེཛ་གི་ འགོ་ཁྲིདཔ་དེ་ རྩ་ཆེ་ཤོས་ཨིན་པའི་སྐོར་ལས་ གསུང་གྲོས་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3712
Users Yesterday : 3320
This Month : 94156
This Year : 390122
Total Users : 1101938
Views Today : 6356
Total views : 3077416
Who's Online : 21