སིཌ་ནི་གནམ་ཐང་ནང་ གནམ་གྲུ་གློ་བུར་དུ་ ཆགས་པའི་ཤུལ་ལས་ རྒྱུགས་ཐང་ལུ་མེ་རྐྱེན།

ཨེ་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ཀཱན་ཊཱཛ་མཁའ་འགྲུལ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲུལ་པ་སྐྱེལ་འདྲེན་གནམ་གྲུ་ཅིག་ ཨཱཛ་ཊེ་ལི་ཡའི་ སིཌ་ནི་གནམ་ཐང་ལས་ འཕུར་འགྲུལ་འབད་བའི་ཤུལ་ལས་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་ནི་དེ་གིས་ གནམ་ཁར་ལྡིང་སྐོར་རྐྱབ་སྟེ་ གློ་བུར་དུ་ ལོག་སྟེ་ར་ གནམ་ཐང་ནང་ ཉེན་སྲུང་ཅན་སྦེ་ཆགས་པའི་ཤུལ་ལས་ རྒྱུགས་ཐང་གི་ ལོགས་གཅིག་ཁ་ལས་ སྤང་མེ་ཤོར་ནུག།
འཕྲུལ་འཁོར་གཉིས་ལྡན་གྱི་ གནམ་གྲུ་བོ་ཨིང་ ༧༣༧-༨༠༠ ཅན་མའི་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་ནི་དང་ སྤང་མེ་འབར་ནི་ ༢ འབྲེལ་བ་ཡོད་མེད་ ཏན་ཏན་ཅིག་ ག་ནི་ཡང་མེདཔ་ད་ སྤང་མེ་དེ་ བསད་ཚུགས་ཡོད་རུང་ གནམ་གྲུ་འཕུར་འགྲུལ་གྱི་ དུས་ཚོད་ཚུ་ ཕར་འཕུལ་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
ཀཱན་ཊཱཛ་མཁའ་འགྲུལ་ལས་སྡེའི་ གནམ་གྲུའི་དེད་དཔོན་གཙོ་འཛིན་ རི་ཅཱཌ་ ཏོ་བི་ཡ་ནོ་གིས་ གནམ་གྲུ་དེ་ནང་གི་ འགྲུལ་པ་ཚུ་ལུ་ སེམས་ཀྱི་ཚ་གྱང་ཚུ་ ཕོག་ཡོདཔ་ལས་ ཁོང་དང་འབྲེལ་བ་འཐབ་ནི་དང་ དེ་སྦེ་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་མིའི་སྐོར་ལས་ ཞིབ་དཔྱད་འབད་ནི་ཨིན་པའི་ གསལ་བཤད་འབད་ནུག།
སིཌ་ནི་གནམ་གྲུ་ཐང་ལས་ རྒྱུགས་ཐང་གཙོ་བོ་དེ་ ལག་ལེན་འཐབ་བཞིན་དུ་ཡོད་ལུགས་དང་ རྒྱུགས་ཐང་གཞན་མི་དེ་ སྤང་མེ་ཤོར་བའི་ རྒྱུ་རྐྱེན་ཚུ་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལུ་ ལག་ལེན་འཐབ་འོང་ཟེར་ བཤད་ཡོདཔ་ཨིན་པས།
གནམ་གྲུ་དེ་ནང་ འགྲུལ་པ་སྦེ་ཡོད་མི་ གནམ་གྲུའི་དེད་དཔོན་ཅིག་གིས་ གནམ་གྲུ་གློ་བུར་དུ་ཆགས་ནི་ལུ་ གྲོགས་རམ་འབད་ཡི་ཟེར་ཨིནམ་ད་ འཕུར་འགྲུལ་ཤུལ་བརྟག་གི་ ཡོངས་འབྲེལ་འཆར་སྒོའི་ནང་ གནམ་གྲུ་དེ་ གནམ་ཁར་སྐར་ཆ་ ༢༠ དེ་ཅིག་ ལྡིང་སྐོར་རྐྱབ་སྟེ་སྡོད་སར་ གསལ་སྟོན་འབད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Please follow and like us: