
ཨེ་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ཕི་ལི་པིན་ རྒྱལ་ཁབ་ནང་ རླུང་འཚུབ་དྲག་པོ་ ཡིན་ཇིང་ཟེར་མི་ འཕུ་ཡོདཔ་ལས་ བྱང་ཕྱོགས་ས་ཁོངས་ནང་ ས་རུད་དང་ ཆུ་རུད་ཚུ་ཐོན་ཏེ་ གནམ་གྲུ་ཐང་ ༢ ལུ་ གནོད་སྐྱོན་བྱུང་ནུག།
ཨིན་རུང་ མི་ལུ་ཤི་རྐྱེན་བྱུང་ཡོད་པའི་ ལོ་རྒྱུས་མེདཔ་ད་ དུས་ཅི་གི་ལོ་ནངར་་ ད་རེས་ཀྱི་ རླུང་འཚུབ་བརྩིས་ཏེ་ ཕི་ལི་པིན་ རྒྱལ་ཁབ་ནང་ རླུང་འཚུབ་དྲག་པོ་ ལན་ཐེངས་ ༡༣ འཕུ་ཡོདཔ་ཨིན་པས།
རླུང་འཚུབ་དེ་ལུ་བརྟེན་ཏེ་ གཡུས་ཚན་ཚུ་ནང་ ས་རུད་དང་ ཆུ་རུད་ཚུ་ ཐོན་ཡོདཔ་དང་ ཤིང་དང་ སྡོད་ཁྱིམ་ སྒྲིང་ཁྱིམ་ གློག་མེའི་ཀཝ་ཚུ་ མེདཔ་བཏང་ཡོདཔ་ལས་ གཡུས་ཚན་ཚུ་གི་ནང་ལས་ མི་གྲངས་ ༤༠,༠༠༠ ལྷགཔ་ཅིག་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་ བསྐྱལ་ཡི་ཟེར་ཨིན་པས།
བྱང་ཕྱོགས་མཐའ་ཟུར་གྱི་མངའ་སྡེ་ བེ་ཏ་ནེཛ་ལུ་འབད་བ་ཅིན་ རླུང་འཚུབ་དེ་གིས་ ཁྱིམ་ཐོག་ཚུ་ སྤོགས་བདའ་ཡོདཔ་མ་ཚད་ མཚོ་འགྲམ་གྱི་ འབབ་ཚུགས་ཚུ་ཡང་ མེདཔ་བཏང་ཡོདཔ་སྦེ་ མངའ་སྡེའི་སྤྱི་ཁྱབ་ མ་རི་ལུ་ཀེ་ཀོ་གིས་ བཤད་ཡོདཔ་ཨིན་པས།
ད་རེས་ དབྱེ་ཞིབ་འབད་བའི་བསྒང་ཡོད་མི་ རླུང་འཚུབ་ཀྱི་ གནོད་པ་ཚུ་དང་ འདས་པའི་རླུང་འཚུབ་ཀྱི་ གནོད་པ་སྦོམ་ཤོས་ཁག་ ༢ ལུ་བརྟེན་ཏེ་ བསྐྱར་གསོའི་བརྩོན་ཤུགས་དེ་ ག་ནི་བ་ཡང་ མགུ་རྙོག་པའི་གཞི་ཅིག་ འོང་ནི་ཨིན་པས་ཟེར་བཀོད་ནུག།
ཕི་ལི་པིན་ལུ་ འདས་པའི་བདུན་ཕྲག་ནང་འཕུ་མི་ རླུང་འཚུབ་ཀོང་རེ་ཟེར་མི་ལུ་བརྟེན་ཏེ་ མི་གྲངས་ཉུང་ཤོས་ ༡༥༡ དེ་ཅིག་ལུ་ ཤི་རྐྱེན་དང་ མི་གྲངས་ས་ཡ་ ༩ དེ་ཅིག་ལུ་ གནོད་པ་བྱུང་ཡོདཔ་མ་ཚད་ ཌོ་ལར་ས་ཡ་ ༢༤༡ དེ་ཅིག་གནས་པའི་ ལོ་ཐོག་དང་ གཞི་རྟེན་མཁོ་ཆས་ཚུ་ཡང་ མེདཔ་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རླུང་འཚུབ་ཊར་མི་ཟེར་མི་གིས་ཡང་ ས་གནས་བ་ཏང་ག་ཟེར་སར་ ས་རུད་དང་ ཆུ་རུད་ཚུ་ཐོན་ཏེ་ མི་གྲངས་ ༦༡ ལུ་ ཤི་རྐྱེན་བྱུང་པའི་ཁར་ རླུང་འཚུབ་ཊར་མི་དང་ ཀོང་རེ་ལུ་བརྟེན་ཏེ་ ད་ཚུན་གྱི་རིང་ལུ་ གློ་བུར་གྱི་ སྒར་ཚུ་ནང་སྡོད་མི་ ༡༧༢,༠༠༠ བརྩིས་ཏེ་ མི་གྲངས་ ༦༣༠,༠༠༠ ལྷགཔ་ཅིག་ལུ་ སྡོད་ས་མེད་པར་ཡོད་ཟེར་བཀོད་ནུག།
གནོད་སྐྱོན་བསྐྱར་གསོའི་ལཱ་ལུ་ ཆེད་དུ་བརྩོན་ནིའི་དོན་ལས་ ཤུལ་མའི་བདུན་ཕྲག་ནང་ པི་རུ་ལུ་ འཚོགས་ནི་སྦེ་ཡོད་མི་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ དཔལ་འབྱོར་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ ཕི་ལི་པིན་གྱི་སྲིད་འཛིན་ མར་ཀོཛ་ཕར་ཌི་ནེན་ ཇུ་ནི་ཡར་གྱིས་ གྲལ་གཏོགས་མི་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
མཚོ་གླིང་རྒྱལ་ཁབ་ ཕི་ལི་པིན་དེ་ འཛམ་གླིང་ནང་ ས་ཡོམ་དང་ རླུང་འཚུབ་ མེ་རི་ཚུ་གིས་ གནོད་པ་མཐོ་ཤོས་དང་ སྦོམ་ཤོས་བྱུང་སའི་ རྒྱལ་ཁབ་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436628
Views Today :
Total views : 5000
Who's Online :