མ་ཡན་མར་གྱི་ མི་སེར་ས་ཡ་ ༢ ལུ་ བཀྲེས་སྐོམ་གྱི་ དཀའངལ་འཐོན་ནི།

ཨཱལ་ཇ་ཟི་ར།
འཛམ་གླིང་སྤྱི་ཚོགས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ དམག་སྡེའི་གཞུང་དང་ ངོ་རྒོལ་དམག་སྡེའི་བར་ན་ ཕྱད་མདའ་རྐྱབ་ནི་དེ་གིས་ གནོད་པ་སྦོམ་སྦེ་ར་ བྱུང་ཡོད་མི་ མ་ཡན་མར་ རྒྱལ་ཁབ་ཀྱི་ མངའ་སྡེ་ར་ཁི་ནེ་ཟེར་སར་ མི་སེར་ས་ཡ་ ༢ དེ་ཅིག་ལུ་ བཀྲེས་སྐོམ་གྱི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
དེ་ཡང་ མངའ་སྡེ་ར་ཁི་ནེ་ལུ་ མི་སེར་ཚུ་གིས་ དཔལ་འབྱོར་གྱི་ལས་དོན་ ག་ནི་ཡང་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ད་ བང་ལ་དེཤ་གི་ ས་མཚམས་ཁར་ཨིན་མི་ མངའ་སྡེ་དེ་ནང་ སྡོད་ས་མེད་མི་ རོ་ཧིང་གི་ཡ་ རིགས་བརྒྱུད་ཀྱི་ མི་སེར་ཚུ་ སྡོདཔ་ཨིན་པས།
དེ་བཟུམ་སྦེ་ མངའ་སྡེ་དེ་ནང་ སོན་དང་ སྨན་ལུད་ཚུ་ མ་ཐོབ་ནི་དེ་གིས་ ལོ་ཐོག་གི་ ཐོན་ཤུགས་དེ་ བརྒྱ་ཆ་ ༢༠ དེ་ཅིག་ལུ་ མར་ཉམས་སོང་ཡོད་པའི་ཁར་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་དང་ མི་སེར་ཚུ་ སྡོད་སར་མེདཔ་ ཐལ་ཡོདཔ་ལས་ ཞིང་ལཱ་ཚུ་ཡང་ འབད་མ་ཚུགས་པར་ཡོདཔ་ཨིན་པས།
མ་ཡན་མར་ དམག་སྡེའི་གཞུང་གིས་ བཀག་དམ་ཚུ་ལུ་བརྟེན་ཏེ་ མངའ་སྡེ་དེ་ནང་ གྲོགས་རམ་ལས་སྡེ་ཚུ་གིས་ འགྲོ་བ་མིའི་དགོས་མཁོ་དང་ གནས་སྟངས་བརྟག་དཔྱད་ཚུ་ཡང་ ལག་ལེན་འཐབ་མ་ཚུགསཔ་མ་ཚད་ གྲོགས་རམ་ཚུ་ཡང་ སྐྱེལ་མ་ཚུགསཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: