
ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ འབྲུག་མི་ཡོངས་ཀྱིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་དང་འབྲེལ་ཏེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན།
དེ་ཡང་ བུ་སྙིང་ཁམས་མ་ཆུང་ད་རུང་ཉོནཿ ལྷོ་སྦས་ཡུལ་རོང་གསུམ་རྒྱུ་བའི་ནགསཿ ཉམས་ཆགས་འཛིན་འོ་གྲོང་མིང་འཛིན་ནངཿ གནས་དེ་རུ་སྐྱེ་བའི་ཤིང་ལུག་པཿ བཞིན་དམུལ་བའི་འཛུམ་དཀར་སོ་ལེགས་པཿ ཁྲི་འཕང་དུ་བརྟན་ན་ལོ་བཅུ་གཉིསཿ བགེགས་མེད་ཀྱི་བསྟན་པ་ཆེར་རྒྱས་ཤིངཿ ལར་སེམས་ཅན་བདེ་སྐྱིད་ལན་གཅིག་གདའཿ ཟེར་ཨོ་རྒྱན་རིན་པོ་ཆེ་གིས་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་ལུ་ དགུང་ལོ་དང་ འཁྲུངས་ཡུལ་དང་བཅསཔ་སྦེ་ ལུང་བསྟན་གནང་ནུག།
དེ་སྦེ་ ལུང་བསྟན་གནང་མི་དང་འཁྲིལ་ཏེ་ ང་བཅས་ འབྲུག་མི་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ མི་དབང་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་གི་སྲས་ལུ་ རབ་བྱུང་ ༡༦ པའི་ ཤིང་ལུག་ཟླཝ་ ༩ པའི་ཚེས་ ༢༨ སྤྱི་ལོ་ ༡༩༥༥ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ གི་དྲོ་པར་ ཉི་ཤར་ལུ་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ ཕོ་བྲང་ནང་ ངོ་མཚར་བའི་ རྟགས་མཚན་བཟང་པོ་དང་བཅསཔ་སྦེ་ སྐུ་འཁྲུངས་ཡོདཔ་ཨིན་པས།
ག་དེ་སྦེ་ཨིན་རུང་ རྒྱལ་ཁབ་ནང་ བརྒྱུད་འཛིན་གྱི་ རྒྱལ་སྲས་འཁྲུངས་ནི་མེད་པར་ དཀོན་མཆོག་ ༣ ལུ་ གསོལཝ་བཏབ་པའི་ ཐུགས་རྗེ་བྱིན་རླབས་ལུ་བརྟེན་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ སྐུ་འཁྲུངས་ཡོདཔ་བཞིན་དུ་ རྒྱལ་བློན་འབངས་ ༣ ག་ར་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ གླུ་གར་དང་ མདའ་རྩེད་ལ་སོགས་པ་ཚུ་གིས་ འཁྲུངས་སྟོན་རྒྱས་ཤིང་རྒྱསཔ་སྦེ་ བརྩི་སྲུང་ཞུ་ཐོག་ལས་ ལེགས་དར་གྱི་ འབུལ་བ་ཚུ་ཡང་ཕུལ་ནུག།
དགུང་ལོ་ ༤ བཞེས་པའི་ སྤྱི་ལོ་ ༡༩༥༩ ལོར་ ཆིབས་གྲལ་བཙར་ཐོག་ལས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ གདན་འདྲེན་ཞུ་སྟེ་ མི་དབང་བརྒྱུད་འཛིན་རྒྱལ་སྲས་གྱི་ གསེར་ཁྲིར་མངའ་གསོལ་ཞུ་བའི་སྐབས་ལུ་ གནམ་ཁར་མཇའ་འོད་འཁྱིལཝ་ལ་སོགས་པའི་ རྟགས་མཚན་བཟང་པོ་དང་ རྟེན་འབྲེལ་ཚུ་ ག་ནི་བ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ བྱུང་ཡོདཔ་ཨིན་པས།
སྐུ་ཡོན་གསན་སྦྱངས།
མི་དབང་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཐུགས་རིག་རྣམ་པར་བཀྲ་བ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ ཕྱི་ནང་ ༢ ཀྱི་ སྐུ་ཡོན་ཚུ་ གསན་སྦྱངས་མཛད་པའི་སྐབས་ལུ་ བརྡ་སྟོནམ་ཙམ་ཅིག་གིས་ མཁྱེན་པར་མཛད་ཡོདཔ་ད་ རྒྱ་གར་རྡོ་རྗེ་གླིང་ སེན་ཇོ་སེཕ་སློབ་གྲྭའི་ནང་ ལོ་ངོ་དག་པ་ཅིག་ ཕྱི་གླིང་པའིསྐད་ཡིག་ ཨིང་ལིཤ་གཟིགས་ཏེ་ བཞུགས་ཡོདཔ་ཨིན་པས།
དེ་ལས་ མི་དབང་ཡབ་རྗེ་དམ་པ་དང་ མི་དབང་རྒྱལ་ཡུམ་མཆོག་གིས་ སྐད་ཡིག་གི་ སྐུ་ཡོན་རྐྱངམ་ཅིག་གིས་མ་ཚད་པར་ འཛམ་གླིང་རྒྱལ་སྤྱིའི་ ལམ་ལུགས་ཚུ་ཡང་ གལ་ཆེ་བར་གཟིགས་ཏེ་ དགུང་ལོ་ ༡༠ བཞེས་པའི་ སྤྱི་ལོ་ ༡༩༦༥ ལོར་ ཕྱི་གླིང་པའི་རྒྱལ་ས་ ལཱོན་ཌཱོན་ལུ་ བཏང་གནང་ཡོདཔ་བཞིན་དུ་ ཧིད་ཌོ་ཝེན་ བི་རི་ཊིཤ་ བི་ཌིང་ཟེར་མི་ སློབ་གྲྭའི་ནང་ ལོ་ངོ་ ༤ གི་རིང་ལུ་ བཞུགས་ཞིནམ་ལས་ ཕྱི་རྒྱལ་ལུ་ ཕྱག་དཔེ་གཟིགས་ནི་བཤོལ་ཏེ་ དགུང་ལོ་ ༡༤ སྤྱི་ལོ་ ༡༩༦༩ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ རྒྱལ་ཁབ་ནང་ ལོག་བྱོན་ནུག།
མི་དབང་ཡབ་རྗེ་མཆོག་གིས་ ཆབ་སྲིད་འཛིན་སྐྱོང་སྤེལ་ ༣ དང་ ཆོས་རྗེ་འབྲུག་པའི་ སྒྲིག་ལམ་རྣམ་གཞག་ཚུ་ཡང་ ག་ནི་བ་ གལ་ཆེ་བར་གཟིགས་ཏེ་ སྤྱི་ལོ་ ༡༩༦༩ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལས་ བཀྲ་ཤིས་ཆོས་རྫོང་ནང་ མི་དབང་རྒྱལ་སྲས་མཆོག་གི་ ཕྱག་ཞུ་སྟེ་ འབྲུག་པའི་སློབ་ཕྲུག་ ༡༢ དང་བཅསཔ་སྦེ་ འགོ་བཙུགས་གནང་པའི་ཤུལ་ལུ་ ཐིམ་ཕུ་རྣམ་སྲས་གླིང་ཕོ་བྲང་ནང་ སྤོ་བཤུད་མཛད་ཡོདཔ་ད་ དེ་བསྒང་ སློབ་དཔོན་པདྨ་ལ་དང་ དྲུང་ཡིག་དངོས་གྲུབ་ ༢ ཀྱིས་ རྫོང་ཁའི་ཆོས་ཚན་དང་ སི་ཊུད་ཕིལ་བི་གིས་ ཨིང་ལིཤ་དང་ འཛམ་གླིང་རྒྱས་བཤད་ཀྱི་ཆོས་ཚན་ དེ་ལས་ གངྒ་རམ་ ཏ་མང་གིས་ ཚན་རིག་དང་ རྩིས་ཀྱི་ཆོས་མཚན་ཚུ་ ཕུལ་ཡོདཔ་ཨིན་པས།
སྤྱི་ལོ་ ༡༩༧༠ ལོར་ སྤ་རོ་ས་མཚམས་མཆོད་རྟེན་ལུ་ ཨོ་རྒྱན་དབང་ཕྱུག་ ཤེས་ཡོན་སྤེལ་ཁང་ཟེར་ མི་དབང་རྒྱལ་སྲས་མཆོག་གི་དོན་ལས་ དམིགས་བསལ་སློབ་གྲྭ་ཅིག་ གཞི་བཙུགས་གནང་སྟེ་ གནམ་བྱཱར་སྤ་རོ་ལུ་དང་ གནམ་དགུན་ཀྲོང་གསར་ལུ་སྦེ་ ཕྱི་ནང་ ༢ ཀྱི་ རིག་པའི་གནས་ལུ་ གསན་སྦྱངས་མཐར་ཕྱིན་མཛད་ནུག།
ཆབ་སྲིད་འཛིན་སྐྱོང་སྤེལ་ ༣ གྱི་ཐེད་ཁར་ ཡབ་རྗེ་མི་དབང་མཆོག་དང་ བྲལ་མེད་བཞུགས་ཐོག་ལུ་ གསན་སྦྱངས་མཛད་ཡོདཔ་ད་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ཆོས་ ༣ ཀྱི་སྐོར་ལས་ མི་དབང་འབྲུག་རྒྱལ་ ༢ པའི་ འཆང་སྒརཔ་ལས་བཙར་ཏེ་ མགྲོན་གཉེར་སྦེ་ ཕྱག་ཞུ་མི་ བྱང་སྤྲུག་ལས་ གསན་སྦྱངས་མཛད་ཡོདཔ་ཨིན་པས།
གཞུང་འབྲེལ་གྱི་ གོ་གནས་དང་པ།
སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ མི་དབང་མཆོག་གིས་ གཞུང་འབྲེལ་གྱི་ ཕྱག་འགན་དང་པ་ འཆར་གཞི་ལྷན་ཚོགས་ཀྱི་ ཁྲི་འཛིན་མཛད་ཡོདཔ་ད་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ ཆབ་སྲིད་མཛད་འཕྲིན་ནང་ མཁྱེན་རླབས་རྒྱས་ཐབས་ལུ་ མི་དབང་ཡབ་རྗེ་དམ་པ་མཆོག་དང་ ཉིན་མཚན་བྲལ་མེད་བཞུགས་ཏེ་ ལྷན་རྒྱས་གཞུང་ཚོགས་དང་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཚུ་ནང་ གྲལ་གཏོགས་མཛད་པའི་ཁར་ ཤར་ཕྱོགས་རྫོང་ཁག་ཚུ་གི་ནང་ཡང་ ཡབ་རྗེ་དམ་པའི་ ཕྱག་ཞུ་སྟེ་ འགོ་དང་པ་ ཆིབས་བསྐྱོད་གནང་ནུག།
དེ་མ་ཚད་ སྤྱི་ལོ་ ༡༩༧༡ ལོར་ མི་དབང་ཡབ་རྗེ་མཆོག་ ཡུན་རིང་མི་བཞུགས་ནི་ཨིན་པའི་ མངོན་མཁྱེན་ཐོག་ལུ་ ངོ་སྤྲོད་བཟུམ་ཅིག་སྦེ་ རྒྱ་གར་རྒྱལ་ཁབ་ནང་ཡང་ གཞུང་འབྲེལ་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་སྟེ་ རྒྱ་གར་གྱི་སྲིད་འཛིན་ བི་བི་གི་རི་དང་ སྲིད་བློན་ཨིན་དྷ་ར་ གཱན་དྷི་གིས་གཙོས་པའི་ རྒྱ་གར་གཞུང་གི་ ཆེས་མཐོའི་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
ཀྲོང་གསར་དཔོན་སློབ།
དགུང་ལོ་ ༡༧ གནམ་ལོ་ཆུ་བྱི་ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ འབྲུག་བརྒྱུད་འཛིན་གྱི་ མི་དབང་རྒྱལ་སྲས་མཆོག་ ཕྱི་ལྟར་དུ་ ཀྲོང་གསར་དཔོན་སློབ་དང་ ནང་ལྟར་དུ་ འབྲུག་རྒྱལ་བཞི་པའི་ གསེར་ཁྲིར་མངའ་གསོལ་ མཛད་གནང་པའི་ ཕྱི་ནང་གསང་ ༣ གྱི་ རྟེན་འབྲེལ་ཚུ་ག་ར་ ཐིམ་ཕུ་དང་ ཀྲོང་གསར་གཉིས་ཆ་རའི་ནང་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ མཛད་ནུག།
དེ་ཡང་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གིས་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ གསང་བའི་རྟེན་འབྲེལ་ མཛད་པའི་སྐབས་ལུ་ མི་དབང་ཡབ་ཡུམ་རྣམ་ ༢ དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ གྲལ་གཏོགས་མཛད་གནང་ཡོདཔ་ད་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ མངོན་པར་མཐོ་བའི་ རྒྱལཔོ་རང་གི་གསེར་ཁྲིར་ མངའ་གསོལ་དང་ ཀུན་རྭའི་ནང་ རྗེ་མཁན་ཁྲི་རབས་ ༦༧ པ་ སྐྱབས་རྗེ་འཕྲིན་ལས་ལྷུན་གྲུབ་མཆོག་ དབུ་བཞུགས་ཀྱིས་ གཡས་ཁ་ཐུག་ལུ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ གཡོན་ཁ་ཐུག་ལུ་ ཞྭ་དམར་རིན་པོ་ཆེ་བཞུགས་ཏེ་ གཞུང་འཕགས་པའི་དགེ་འདུནམ་ཚུ་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་གྱི་ མཛད་སྒོ་ཚུ་ མཛད་གནང་ཡོདཔ་ཨིན་པས།
དེ་བསྒང་ བློན་པོ་ལྷན་རྒྱས་ཚུ་དང་ ཕྱི་རྒྱལ་ཁག་གི་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་གཙོས་པའི་ ཞི་དྲག་ལས་ཁུངས་ཁག་གི་ དཔོན་ཁག་ཚུ་གིས་ བཅའ་མར་གཏོགས་ཏེ་ རྟེན་འབྲེལ་བརྩི་སྲུང་ཞུ་བའི་ཤུལ་ལུ་ མི་མང་གི་དོན་ལས་ ཅང་གླིང་མའི་ཐང་ནང་ གླུ་གར་དང་ འཁྲབ་སྟོན་ རྩེད་རིགས་ལ་སོགས་པའི་སྒོ་ལས་ ཉིན་ཞག་ ༧ གྱི་རིང་ལུ་ དགའ་སྟོན་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ མཛད་གནང་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལས་ ཆོས་རྩེ་རྫོང་ནང་ ཀྲོང་གསར་དཔོན་སློབ་ ཁྲི་རབས་ ༡༥ པའི་ གསེར་ཁྲིར་ཕེབས་པའི་ རྟེན་འབྲེལ་ལུ་ བཞུགས་གྲལ་ཕུན་སུམ་ཚོགས་པ་དང་ བཀྲ་ཤིས་རྟགས་ ༨ དང་ བཀྲ་ཤིས་རྫས་ ༨ ཚུ་གིས་གཙོས་པའི་ སྐུ་གསུང་ཐུགས་རྟེན་གྱི་ མཎྜལ་ཚུ་ རིམ་པ་བཞིན་དུ་ ཕུལ་བའི་ཤུ་ལུ་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ ལམ་རིམ་དང་ བཟའ་འཐུང་ལོངས་སྤྱོད་ཚུ་གིས་ མི་སེར་ཚུ་ ཚིམས་པར་མཛད་ཡོདཔ་ཨིན་པས།
འབྲུག་གི་རྒྱལ་རབས་བཞི་པའི་ གསེར་ཁྲིར་མངའ་གསོལ།
ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༠ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ མི་དབང་ཡབ་རྗེ་དམ་པ་ འབྲུག་རྒྱལ་གསུམ་པ་མཆོག་ དགོངས་པ་རྫོགས་སོངཔ་ལས་ རབ་བྱུང་ ༡༦ པའི་ ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༤ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ བློན་འབངས་ཚུ་གིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ རྟེན་འབྲེལ་ཚུལ་ཙམ་གྱི་སྒོ་ལས་ རྒྱལ་པོའི་ཕྱག་དམ་ ཕུལ་བའི་ཤུལ་ལུ་ ཆུ་བྱི་ཟླཝ་ ༡༠ པའི་ཚེས་ ༥ ལུ་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ ཞབས་དྲུང་མ་ཆེན་རིན་པོ་ཆེའི་ སྐུ་མདུན་ལས་ ཆོས་སྲིད་འཁོར་ལོར་བསྒྱུར་བའི་ བཀྲ་ཤིས་ལེགས་དར་སྣེ་ལྔ་བཞེས་ཏེ་ གསེར་ཁྲིར་མངའ་གསོལ་གྱི་ རྟེན་འབྲེལ་མདོར་བསྡུས་ཅིག་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
དེ་ལས་ མི་དབང་མངའ་ཞབས་མཆོག་ དགུང་ལོ་ ༡༩ རབ་བྱུང་ ༡༦ པའི་ མེ་སྟག་ཟླཝ་ ༤ པའི་ཚེས་ ༡༥ སྤྱི་ལོ་ ༡༩༧༤ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ གཟའ་སྐར་དགེ་བའི་ཉིན་མར་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པའི་ གསེར་ཁྲིར་མངའ་གསོལ་ཞུ་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༣ ལས་ ཅང་གླིང་མའི་ཐང་ནང་ ཉིན་གྲངས་ ༣ གྱི་རིང་ལུ་ གླུ་གར་དང་ རྩེད་རིགས་ལ་སོགས་པ་ ཐུགས་སྤྲོའི་ལས་རིམ་སྣ་ཚོགས་ཀྱིས་ ཚིམས་པར་མཛད་པའི་ཁར་ མི་སེར་ཚུ་ལུ་ བཟའ་འཐུང་དང་ འབྲུག་གི་དངུལ་ལོར་གསར་པའི་ གསོལ་རས་ཚུ་ཡང་ གནང་ཡོདཔ་ཨིན་པས།
རྒྱལ་བསྟན་བསྐྱར་གསོ།
མི་དབང་མཆོག་གིས་ རྒྱལ་ཁབ་འདི་ནང་ ནང་པ་སངས་རྒྱས་པའི་ བསྟན་པ་རིན་པོ་ཆེ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་ལ་སོགས་པའི་ བསྟན་པར་སྨན་པའི་ ཕྱག་རྗེས་བཟང་པོ་ མང་རབས་ཅིག་ མཛད་གནང་མི་ཚུ་ དུས་ནམ་ཡང་ བརྗོད་པར་དཀའ་བ་ཅིག་ཨིན་པས།
ཨིན་རུང་ བཀྲིན་རྗེས་དྲན་གྱི་དོན་ལུ་ རགས་ཙམ་ཅིག་ ཞུ་བ་ཅིན་ ཧེ་མར་ རྫོང་ཁག་ ༡༠ ལུ་མ་གཏོགས་ དགེ་འདུན་གྲྭ་ཚང་མེད་མི་དེ་ ད་རེས་ནངས་པར་ རྫོང་ཁག་ ༢༠ གིས་མ་དོ་བར་ དྲུང་ཁག་དང་ དགོན་སྡེ་ཁག་ལུ་ཡང་ དགེ་འདུན་གྲྭ་ཚང་དང་ ཨ་ཎེ་མོའི་གྲྭ་ཚང་ སྒོམ་སྡེ་ བཤད་གྲྭ་ སྒྲུབ་གྲྭ་ལ་སོགས་པ་ཚུ་ གསར་བཙུགས་གནང་སྟེ་ རྒྱལ་ཁབ་མཐའ་དབུས་ག་རའི་ནང་ ཁྱབ་སྟེ་ཡོད་མི་ཚུ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིན།
དེ་བཟུམ་མའི་ རྒྱལ་བསྟན་རིན་པོ་ཆེ་ རྒྱུན་སྐྱོང་གི་དོན་ལས་ གཞུང་གི་ཡིག་ཚང་ཅིག་ཡང་ དགོས་མཁོ་ཆེ་བའི་ གནད་ལུ་གཟིགས་ཏེ་ སྤྱི་ལོ་ ༡༩༧༥ ལོར་ ཆོས་སྡེ་ཁག་གི་ འཐུས་མི་དང་བཅས་པའི་ གྲྭ་ཚང་ལྷན་ཚོགས་ གསར་བཙུགས་གནང་ཡོདཔ་བཞིན་དུ་ གྲྭ་ཚང་ལྷན་ཚོགས་ཀྱིས་ དགེ་འདུན་གྲྭ་ཚང་ཚུ་གིས་གཙོས་པའི་ བཤད་སྒྲུབ་དང་ ཆོས་སྡེ་ག་ར་ བདག་སྐྱོང་འཐབ་ཨིན་པས།
རྫོང་གཞི་དང་ སྐུ་གསུང་ཐུགས་རྟེན།
མི་དབང་ཞབས་ལས་ རྒྱལ་ཁབ་ཀྱི་ རྫོང་གཞི་རྙིངམ་ འབྲུག་གི་གདན་ས་དང་པ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དང་ ཀྲོང་གསར་རྫོང་ གསང་སྔགས་ཟབ་དོན་ཕོ་བྲང་ བཀྲ་ཤིས་སྒང་རྫོང་ དབང་འདུས་ཕོ་བྲང་རྫོང་ ལྷུན་རྩེ་རྫོང་ལ་སོགས་པ་ཚུ་ གསར་བཞེངས་དང་ དབྱེ་བ་མེད་པའི་ རྟེན་དང་བརྟེན་པ་བཅསཔ་སྦེ་ ཉམས་གསོ་དང་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ རྩི་རང་ ཆུ་ཁ་ཚུ་ལུ་ སྔར་མེད་རྫོང་གཞི་གསར་བཞེངས་དང་ བཀྲིས་གཡང་རྩེ་དང་ གཞལམ་སྒང་ ཧཱ་ཚུ་ལུ་ རྫོང་ཁག་བདག་སྐྱོང་གི་དོན་ལས་ རྫོང་གཞི་གསར་བཞེངས་མཛད་ནུག།
སྤྱི་ལོ་ ༡༩༧༤ ལོར་ མི་དབང་ཞིང་གཤེགས་དམ་པའི་ དགོངས་རྫོགས་ལུ་དམིགས་ཏེ་ ཐིམ་ཕུ་ལུ་ བཀའ་དགོངས་ཕུར་གསུམ་ ནང་རྟེན་དང་བཅས་པའི་ དགོངས་རྫོགས་མཆོད་རྟེན་དང་། སྤུངས་ཐང་ཉི་ཟེར་སྒང་ལུ་ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན་ ཐོག་ཚད་ ༣ རྟེན་དང་བརྟེན་པ་བཅས་པ། ཀྲོང་གསར་བཀྲ་ཤིས་ཆོས་གླིང་ལྷ་ཁང་། དེ་ལས་ བུམ་ཐང་སྐུ་རྗེས་ལུ་ བཀའ་དགོངས་ཕུར་གསུམ་གྱི་ ལྷ་ཁང་དང་ ཟངས་མདོག་དཔལ་རི་ལ་སོགས་པའི་ ལྷ་ཁང་མང་རབས་ཅིག་ གསར་བཞེངས་མཛད་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ མང་རབས་ཅིག་ བཞེངས་གནང་པའི་ནང་གསེས་ལས་ མི་དབང་ཞིང་གཤེགས་མཆོག་གི་ དགོངས་རྫོགས་ལུ་དམིགས་ཏེ་ བཀྲ་ཤིས་ཆོས་རྫོང་ནང་ སྟོན་པ་ཐོག་ཚད་མ་དང་ ཡི་དམ་བདེ་མཆོག་གི་ དཀྱིལ་འཁོར་བློས་བླངས། སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ བདེ་མཆོག་འཁོར་ལོ་སྡོམ་པའི་སྐུ་འདྲ། ཀྲོང་གསར་རྫོང་ནང་ ཕུར་པའི་སྐུ་འདྲ་ལ་སོགས་པའི་ སྐུ་རྟེན་སྣ་ཚོགས་དང་།
དེ་ལས་ སྤྱི་ལོ་ ༢༠༠༥ ལུ་ རྡོ་སྐྱོང་ལར་ འབྲུག་དབང་རྒྱལ་མཆོད་རྟེན་ ༡༠༨ དང་ ཐིམ་ཕུ་སྤང་རི་ཟམ་པ་དང་ གདུང་བསམ་ཡོན་ཕུ་ལ་ལུ་ བདུད་འདུལ་མཆོད་རྟེན་ཚུ་གིས་གཙོས་པའི་ རྒྱལ་ཁབ་ནང་ ཐུགས་རྟེན་མང་རབས་ཅིག་ཡང་ གསར་བཞེངས་གནང་སྟེ་ ཕྱག་མཆོད་ཀྱི་ཡུལ་ལུ་ མཛད་གནངམ་ལ་སོགས་པའི་ བསྟན་པ་འཕེལ་རྒྱས་མཛད་ནུག།
ལོ་ལྔའི་གོང་འཕེལ་འཆར་གཞི།
འབྲུག་གི་ལོ་ལྔའི་འཆར་གཞི་དང་པ་ སྤྱི་ལོ་ ༡༩༦༡ ལོར་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྒྱ་གར་གཞུང་ལས་ རྒྱུ་སྦུང་ ༢ ཀྱི་ རོགས་རམ་དང་བཅས་པའི་སྒོ་ལས་ འགོ་བཙུགས་གནང་པའི་ཤུལ་ལུ་ སྐུ་ཚེ་མ་ཟིན་པར་ དགོངས་པ་རྫོགས་སོངཔ་ལས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ན་ཆུང་རུང་ མཁྱེན་རླབས་ཆེ་བའི་སྟབས་ཀྱིས་ སྔར་བ་ལྷག་པའི་ གོང་འཕེལ་རྒྱ་ཆེར་མཛད་ནུག།
ཤེས་རིག། རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ ཤེས་རིག་ཡོན་ཏན་འདི་ ག་ནི་བ་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ་ རྒྱལ་ཁབ་མཐའ་དབུས་ཀྱི་ སློབ་གྲྭ་ཆེ་འབྲིང་ཆུང་ ༣ ག་ར་ རྒྱ་བསྐྱེད་དང་ ཧེང་བཀལ་མང་རབས་ཅིག་ གསར་བཙུགས་གནང་པའི་ཁར། ཤེས་རིག་སྤེལ་ཁང་དང་ མཐོ་རིམ་སློབ་གྲྭ་ ལེ་ཤ་ཅིག་གིས་གཙོས་པའི་ ལོ་ན་ཆུང་ཀུའི་སྐབས་ལུ་ ཤེས་ཡོན་ལྷབ་ནི་གི་ གོ་སྐབས་མ་ཐོབ་མི་ཚུ་གི་དོན་ལས་ གཡུས་ཚན་ཁག་སོ་སོར་ གཞི་རྟེན་ཤེས་ཡོན་ལྟེ་བ་ཚུ་ཡང་ གཞི་བཙུགས་ཀྱིས་ འབྲི་ལྷག་གི་ ཤེས་ཡོན་ཚུ་ དར་ཁྱབ་མཛད་གནང་ཡི།
གསོ་བ། འགྲོ་བ་མི་མང་ཡོངས་ལུ་ འཕྲོད་བསྟེན་འདི་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ་ སྔར་གྱི་སྨན་ཁང་ཆེ་འབྲིང་ཆུང་ ༣ རྒྱ་བསྐྱེད་དང་ སྔར་མེད་གསར་བཙུགས་གནང་པའི་ནང་ལས་ཡང་ མ་བུའི་འཕྲོད་བསྟེན་དང་ ཨ་ལོའི་འཕྲོད་བསྟེན་ཚུ་ གལ་ཆེ་བར་གཟིགས་ཏེ་ དམིགལ་བསལ་གྱིས་ གཞི་བཙུགས་གནང་པའི་ཁར་ མི་སེར་གྱི་ གཟུགས་ཁམས་འཕྲོན་བསྟེན་ སྒྲིང་སྒྲིང་བཞག་ནི་དེ་ཡང་ གལ་ཆེཝ་ལས་ ཁྱིམ་གུང་རེ་རེ་བཞིན་དུ་ལུ་ འཐུང་ཆུ་གཙང་མ་གིས་ ཁྱབ་པར་མཛད་གནང་ནུག།
སོ་ནམ། འབྲུག་པའི་མི་སེར་མང་ཤོས་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་ སྡོད་ནི་དེ་གིས་ སོ་ནམ་ས་ཞིང་ལུ་མཁོ་བའི་ ཆུ་གཡུར་ཚུ་ གཡུས་ཚན་ག་རའི་ནང་ བཟོ་བསྐྲུན་གནང་པའི་ཁར་ སོན་དང་ ལུད་ལ་སོགས་པ་ཚུ་ཡང་ རིན་མེད་སྟོང་མར་ ཁྱབ་སྤེལ་མཛད་དེ་ སོ་ནམ་གྱི་ ཐོན་བསྐྱེད་ཡར་རྒྱས་དང་ དངུལ་ཐོག་ལྡུམ་ར་ཚུ་ གོང་འཕེལ་ཐོག་ལས་ ཚོང་ལམ་ཚུ་ཡང་ སྒོ་ཕྱེ་གནང་སྟེ་ མི་སེར་གྱི་ འོང་འབབ་ཚུ་ ཡར་སེང་མཛད་གནང་ནུག།
སྒོ་ནོར། རྒྱལ་ཁབ་ནང་ མི་སེར་ཚུ་ སྒོ་ནོར་ལུ་མ་བརྟེན་མི་ ཕུད་རྡོག་ཅིག་ཡང་མེདཔ་ལས་ སྒོ་ནོར་སེམས་ཅན་གྱི་ རྒྱུ་སྤུས་དང་ འཐོན་བསྐྱེད་ཚུ་ ལེགས་ཤོམ་བཟོ་ཐབས་ལུ་ ཕ་སོན་བཀྲམ་སྤེལ་གནང་པའི་ཁར་ རྩྭ་སོན་ཚུ་ཡང་ བཀྲམ་སྤེལ་གྱིས་ རྩྭ་འབྲོག་གོང་འཕེལ་ཐོག་ ཚོང་ལམ་ཚུ་ཡང་ གསར་བཏོན་གནང་སྟེ་ མི་སེར་ལུ་ འོང་འབབ་ཡར་སེང་གིས་ དཔལ་འབྱོར་ཡར་འཕར་ མཛད་གནང་ཡི།
འཁོར་ལམ། དཔལ་འབྱོར་གོང་འཕེལ་གྱི་དོན་ལས་ འཁོར་ལམ་ཚུ་ ག་ནི་བ་ གལ་ཆེཝ་ལས་ གཞུང་ལམ་ཚུ་གིས་མ་ཚད་པར་ ཟུར་ལམ་དང་ སོ་ནམ་ཞིང་ལམ་ཚུ་ཡང་ གཡུས་ཚན་ག་རའི་ནང་ འབྲེལ་མཐུད་ཀྱིས་ ཁྱབ་པར་མཛད་གནང་ནུག།
ཞབས་ཏོག། རྒྱལ་ཁབ་ནང་ རྒྱུན་འབྲེལ་འཐབ་ནི་འདི་ ག་ནི་བ་ གལ་ཆེ་བར་གཟིགས་ཏེ བརྒྱུད་འཕྲིན་དང་ འགྲུལ་འཕྲིན་ གློག་འཕྲིན་ཚུ་ གཞི་བཙུགས་གནངམ་ལས་ ད་རེས་ནངས་པར་ འགྲུལ་འཕྲིན་ལག་ལེན་མ་འཐབ་མི་ ཨ་ལོ་བུ་ཆུང་ཅིག་ཡང་མེདཔ་ཨིན།
དེ་བཟུམ་སྦེ་ མི་མང་སྐྱེལ་འདྲེན་གྱི་དོན་ལུ་ ས་གནས་མཐའ་ཟུར་གེ་རའི་ནང་ སྐྱེལ་འདྲེན་་བཱཛ་ མང་རབས་ཅིག་ གཞི་བཙུགས་མཛད་དེ་ མི་སེར་ཚུ་ ས་གནས་ག་ཏེ་འགྱོ་རུང་ འགྲོ་འགྲུལ་འབད་ནི་ལུ་ ག་ནི་བ་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བཟོ་གནང་པའི་ཁར་ འཛམ་གླིང་རྒྱལ་སྤྱིའི་ནང་ འགྲུལ་སྐྱོད་ཀྱི་དོན་ལུ་ཡང་ གནམ་གྲུའི་མཐུད་འབྲེལ་ཚུ་ གཞི་བཙུགས་གནང་སྟེ་ཡོདཔ་ཨིན་པས་།
དཔལ་འབྱོར་གོང་འཕེལ།
འབྲུག་རྒྱལ་ཁབ་འདི་ རང་མགོ་རང་འདྲོངས་ བཟོ་ཐབས་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ དཔལ་འབྱོར་ཡར་རྒྱས་ བཏང་གནང་པའི་ནང་ལས་ གློག་མེ་འཕྲུལ་ཁང་ ལེ་ཤ་ཅིག་ གཞི་བཙུགས་གནང་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ རྒྱལ་ཁབ་ནང་ གཞུང་སྒེར་གྱི་ བཟོ་གྲྭ་འཕྲུལ་ཁང་ མང་རབས་ཅིག་ གཞི་བཙུགས་དང་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་ཚོང་ཐོག་ལས་ ལོ་བསྟར་བཞིན་དུ་ འོང་འབབ་སྦོམ་སྦེ་ འཐོབ་བཞིན་དུ་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་ གྲོང་གཡུས་ཚུ་གི་ནང་ཡང་ གློག་མེ་བཀྲམ་སྤེལ་ཐོག་ལས་ མི་སེར་ཚུ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་བཞིན་དུ་ཡོདཔ་ཨིན།
དེ་ལས་ ཕྱི་རྒྱལ་ལྟ་བཤལ་པའི་ ལམ་ལུགས་ཚུ་ གསར་བཙུགས་གནངམ་ལས་ རྒྱལ་ཁབ་ནང་ འོང་འབབ་སྦོམ་ཤོས་ཅིག་གི་ ལས་སྡེ་ཅིག་ལུ་ གྱུར་ཏེ་ཡོདཔ་མ་ཚད་ ས་གཏེར་དང་ ནགས་ཚལ་ སོ་ནམ་འཕྲུལ་ཁང་ལ་སོགས་པ་ཚུ་ཡང་ མང་རབས་ཅིག་ གཞི་བཙུགས་དང་ ཕྱི་རྒྱལ་ལུ་ ཕྱིར་ཚོང་འཐབ་ཆོག་པའི་ ཚོང་ལམ་ཚུ་ཡང་ སྒོ་ཕྱེ་གནང་སྟེ་ དཔལ་འབྱོར་གོང་འཕེལ་མཛད་ནུག།
ཆབ་སྲིད་ལེགས་བཅོས།
ཧེ་མར་ སྐྱིད་སྡུག་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་ བསྟན་རྒྱས་ལྷན་ཁག་ ཞབས་ཏོག་ལྷན་ཁག་ གོང་འཕེལ་ལྷན་ཁག་ ཕྱི་འབྲེལ་ལྷན་ཁག་ཟེར་ ལྷན་ཁག་ ༦ ལས་མེད་རུང་ རྒྱལ་ཁབ་ཡར་རྒྱས་དང་ མི་སེར་ལུ་ ཕན་ཐོགས་ཆེ་བའི་ ལས་ཁུངས་ཚུ་ ལྷན་ཁག་ལུ་ ཡར་སེང་ཐོག་ལས་ གོང་འཕེལ་ལྷན་ཁག་ ཆ་མེད་བཏང་གནང་སྟེ་ ལྷན་ཁག་དེ་གི་འོག་ལུ་ཡོད་མི་ ཤེས་རིག་ལས་ཁུངས་དང་ གསོ་བའི་ལས་ཁུངས་ སོ་ནམ་ལས་ཁུངས་ ༣ ལྷན་ཁག་ལུ་ ཡར་སེར་དང་ ཞབས་ཏོག་ལྷན་ཁག་གི་འོག་ལས་ བརྒྱུད་འབྲེལ་ལྷན་ཁག་དེ་ ལོགས་སུ་བཏོན་གནང་པའི་ཁར་ ལོ་རིམ་བཞིན་དུ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ དཀའ་ངལ་ཐོན་མི་དེ་ཡང་ སེལ་ཐབས་ལུ་ ལཱ་གཡོག་ལྷན་ཁག་ གསར་བཙུགས་དང་ ནགས་ཚལ་ལས་ཁུངས་དེ་ སོ་ནམ་དང་ འབྲེལ་བ་ཡོད་པ་ལུ་བརྟེན་ཏེ་ བསྟན་རྒྱས་ལྷན་ཁག་གི་འོག་ལས་བཏོན་ཏེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ལུ་ བསྒྱུར་བཅོས་མཛད། དེ་བཟུམ་སྦེ་ འཆར་གཞིའི་གྲུབ་འབྲས་ཚུ་ མཐར་འཁྱོལ་ཅན་སྦེ་ འཐོན་ཐབས་ལུ་ འབྲེལ་ཡོད་ལས་ཁུངས་ཚུ་ཡང་ མང་རབས་ཅིག་ གསར་བཏོད་མཛད་གནང་ནུག།
ཧེ་མར་ འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ཚུ་གིས་ ཞི་གཡོགཔ་ཚུ་ གསར་བཙུགས་དང་ གོ་གནས་ཡར་སེང་ སྦྱོང་བརྡར་ལ་སོགས་པ་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་ ཆགས་སྡང་ཕྱོགས་རིས་རེ་ཡང་ ཐོན་པ་ལུ་བརྟེན་ཏེ་ ཞི་གཡོགཔ་སྤྱི་མཚུངས་ལུ་ གོ་སྐབས་འདྲ་མཉམ་ ཐོབ་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གཞུང་གི་འཆར་དངུལ་ཚུ་ ལག་ལེན་ཞིབ་དཔྱད་ཀྱི་དོན་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ རྒྱལ་ཁབ་ནང་ ངན་ལྷད་བཀག་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ བཙག་འཐུ་ལྷན་ཚོགས་དང་ རྒྱལ་གཞུང་དངུལ་དབང་འཛིན་ལ་སོགས་པ་ཚུ་ གཞི་བཙུགས་གནང་པའི་ཁར་ གཞུང་གི་ལས་ཁུངས་ལ་ལོ་ཅིག་ རང་སྐྱོང་ལས་འཛིན་ལུ་ བསྒྱུར་བཅོས་ཚུ་ཡང་ མཛད་གནང་ཡོདཔ་ཨིན་པས།
དམངས་གཙོའི་རིང་ལུགས།
སྤྱི་ལོ་ ༡༩༥༣ ལས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྒྱལ་པོའི་ཆབ་དབང་ཚུ་ རྒྱལ་ཡོངས་ཚོགས་འདུ་ལུ་ གནང་པའི་ཁར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གོང་འཕེལ་འཆར་གཞིའི་ ལས་སྣ་ཚུ་ མགྱོགས་དྲགས་སྦེ་ ལག་ལེན་འཐབ་ཐབས་ལུ་ བདག་སྐྱོང་གི་ དབང་ཚད་ཚུ་ རིམ་པ་བཞིན་དུ་ མི་སེར་ལུ་ ཕྱིར་སྤེལ་གནང་ནུག།
དེ་ཡང་ སྤྱི་ལོ་ ༡༩༨༡ འཆར་གཞི་ལྔ་པའི་ནང་ལས་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ གཞི་བཙུགས་ཀྱིས་ དབུས་གཞུང་ལས་ ལག་ལེན་འཐབ་མི་ བདག་སྐྱོང་གི་ དབང་ཆ་ཚུ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ལུ་ གནང་ཡོདཔ་ད་ སྤྱི་ལོ་ ༡༩༩༡ ལོར་ འཆར་གཞི་ ༧ པའི་ནང་ལས་ མི་སེར་གྱི་ འཚོ་བའི་གནས་ཚད་ ཡར་རྒྱས་གཏང་ཐབས་ལུ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ གཞི་བཙུགས་ཀྱིས་ རྫོང་ཁག་ལས་ རྒེད་འོག་ལུ་ དབང་ཚད་ཕྱིར་སྤེལ་ མཛད་གནང་ཡོདཔ་ཨིན་པས།
འབྲུག་གཞུང་གི་ བློན་པོ་ཚུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གྲོས་གཞི་བཙུགས་གནང་མི་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ གྲོས་ཆོད་གྲུབ་སྟེ་ བསྐོ་བཞག་གནང་སྲོལ་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༩༩༨ ལས་ ཚོགས་འདུའི་འཐུས་མི་ཚུ་གིས་ གསང་བའི་ཚོགས་རྒྱན་ བཙུགས་ཐོག་ལས་ བཙགས་འཐུའི་ལམ་ལུགས་ གསར་བཏོད་གནང་པའི་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ཡང་ ཚོགས་རྒྱན་མཐོ་དམའ་དང་འཁྲིལ་ཏེ་ ལོ་རེར་སྐོར་རྒྱབ་སྦེ་ གཞུང་སྐྱོང་དབུ་ཁྲིད་ བློན་ཆེན་གྱི་ ལམ་ལུགས་གསར་བཏོད་མཛད་ནུག།
སྤྱི་ལོ་ ༢༠༠༨ ལས་ རྒྱལ་བརྒྱུད་དམངས་གཙོའི་རིང་ལུགས་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ ༤༧ དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ༢༠ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བཙགས་འཐུ་འབད་ནི་གི་ ལམ་ལུགས་ཐོག་ལུ་ དབང་ཚད་ག་ར་ མི་སེར་ལུ་ ཕྱིར་སྤེལ་གནང་ཡོདཔ་ཨིན།
རྒྱལ་ཁབ་ཞི་བདེ།
འབྲུག་རྒྱལ་ཁབ་འདི་ འཕྲལ་ཕུགས་གཉིས་ཀར་ དགའ་སྐྱིད་དང་ ཞི་བདེར་གནས་ཐབས་ལུ་ སྐུ་སྲོག་ལུ་ ཉེན་ཁ་ཅན་གྱི་ ཕྱག་ལཱ་མང་རབས་ཅིག་ གནང་པའི་ནང་གསེས་ལས་ དཔྱེ་འབད་བ་ཅིན་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ འབྲུག་གི་ས་གནས་ཚུ་ནང་སྡོད་དེ་ རྒྱ་གར་གཞུང་ལུ་ ངོ་རྒོལ་འབད་མི་ ཨཱལ་ཕ་དང་ ཨེན་ཌི་ཨེལ་ ཀེ་ཨེལ་ཨོ་ཟེར་མི་ གཡིབ་དམག་ཚུ་ ཞི་བའི་གསུང་གྲོས་གནང་སྟེ་ རྒྱལ་ཁབ་ནང་ལས་ ཐོན་འགྱོ་དགོཔ་སྦེ་ ག་དེམ་ཅིག་སླབ་རུང་ ཉན་མ་བཏུབ་པ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༠༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ སྐུ་སྲོག་མ་ཚད་ བློས་བཏང་གནང་སྟེ་ དྲག་ཁག་ ༣ གྱི་ དམག་དཔོན་སྦེ་ བྱོན་གནང་ཞིནམ་ལས་ གཡིབ་དམག་ཚུ་ རྒྱལ་ཁབ་ནང་ལས་ བཏོན་བཏང་གནང་སྟེ་ མི་སེར་ཚུ་ ཞི་བདེར་བཀོད་གནང་ཡི།
འཛམ་གླིང་རྒྱལ་སྤྱི་དང་མཐུན་འབྲེལ།
རྒྱ་འབྲུག་ ༢ ཀྱི་བར་ན་ ཧེ་མ་ལས་ཡོད་མི་ མཐུན་ལམ་འདི་ རྒྱ་བསྐྱེད་དང་ དམ་ཟབ་བཟོ་གནང་པའི་ཁར་ འཛམ་གླིང་རྒྱལ་ཁབ་ མང་རབས་ཅིག་དང་ མཐུན་ལམ་དམ་ཟབ་ཀྱི་སྒོ་ལས་ རྒྱལ་ཁབ་ཕན་ཚུན་ལུ་ གཞུང་ཚབ་གསར་བཙུགས་དང་ རྒྱལ་སྤྱིའི་ལས་སྡེ་ ལེ་ཤ་ཅིག་གི་ནང་ཡང་ འཐུས་མིར་འཛུལ་ཞུགས་མཛད་དེ་ ཧེ་མར་ རང་རྐྱང་སྦེ་སྡོད་མི་ འབྲུག་རྒྱལ་ཁབ་ཆུང་ཀུ་འདི་ རྒྱལ་ཁབ་སྦོམ་དང་ ཡར་ཐོན་ཅན་གྱི་ རྒྱལ་ཁབ་ཚུ་དང་ དབྱེ་བ་མེད་པར་ འདྲ་མཉམ་སྦེ་ འཛམ་གླིང་རྒྱལ་ཡོངས་ལུ་ མིང་གཏམ་ཅན་ཅིག་སྦེ་ དར་ཁྱབ་མཛད་ནུག།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས།
འབྲུག་རྒྱལ་ཁབ་འདི་ ས་རྒྱ་ཆུང་པའི་ཁར་ མི་རློབས་ཡང་ ཉུང་སུ་ཅིག་ལས་མེད་པའི་ སྐོབས་ཚུད་ཀྱི་ རྒྱལ་ཁབ་ཅིག་ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་གཏེར་ཟབ་མོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ ལྟ་བ་ལུ་བརྟེན་ཏེ་ ད་རེས་ནངས་པར་ འཛམ་གླིང་ནང་ མིག་དཔེར་འོས་པའི་ རྒྱལ་ཁབ་ཅིག་དང་ ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཏེ་ཡོད་མི་དེ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིན།
ཡ་མཚན་ཅན་གྱི་མཛད་རྣམ།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་ལོ་ ༣༤ གི་རིང་ལུ་ རྒྱལ་ཁབ་ཀྱི་ ཆབ་སྲིད་བསྐྱངས་གནང་སྟེ་ བཞུགས་པའི་སྐབས་ལུ་ རྒྱལ་ཁབ་རང་བཙན་དང་ མི་སེར་ཚུ་ བདེ་སྐྱིད་དང་ལྡནམ་སྦེ་ གནས་ཐབས་ལུ་ ཉིན་མཚན་མེད་པར་ ཕྱག་ལཱ་མང་རབས་ཅིག་ མཛད་གནང་པའི་ཁར་ འཛམ་གླིང་ནང་ སྔོན་ཆད་རྩ་ལས་ར་ བྱུང་མ་མྱོང་པའི་ ཡ་མཚན་དངོས་འབྱུང་གི་ ཕྱག་རྗེས་བཟང་པོ་ཡང་ ལེ་ཤ་ཅིག་ བཀའ་དྲིན་བསྐྱངས་གནང་ནུག།
དེ་ཡང་ དཔྱེ་འབད་བ་ཅིན་ སྤྱི་ལོ་ ༡༩༩༨ ལུ་ རྒྱལ་བརྒྱུད་རྒྱལ་ཁབ་ནང་ ལྷན་རྒྱས་གཞུང་ཚོགས་ ཆ་མེད་བཏང་གནང་མི་དེ་ འཛམ་གླིང་རྒྱལ་སྤྱིར་ འགོ་དང་པ་ཨིན་པའི་གུ་ ཉེན་ཁ་ག་ནི་བ་ཆེ་བའི་ ས་གནས་ཚུ་གི་ནང་ དམག་དཔོན་སྦེ་ བྱོན་གནང་མི་དེ་ཡང་ འཛམ་གླིང་ནང་ དུས་ནམ་ཡང་ བྱུང་མ་མྱོང་པའི་ ཡ་མཚན་ཅན་ཅིག་ཨིན་པས།
མི་དབང་མཆོག་གི་ ཕྱག་རྗེས་བཟང་པོ་ རྒྱ་མཚོ་ལྟ་བུ་ལས་ བཀྲིན་རྗེས་དྲན་གྱི་དོན་ལུ་ རྒྱལ་སྤྱི་གསར་ཤོག་གི་ཧོངས་ལས་ ཆུ་ཐིག་ཙམ་ཅིག་ བཀོད་མི་འདི་གིས་ བློ་གསར་ན་གཞོན་ཚུ་ལུ་ ཕན་ཐོགས་འབྱུང་པའི་ རེ་འདུན་ཡོད་ཟེར་ ཞུ་ནི་ཨིན།




Users Today : 3691
Users Yesterday : 3320
This Month : 94135
This Year : 390101
Total Users : 1101917
Views Today : 6282
Total views : 3077342
Who's Online : 14