
སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པ་འདི་ སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ཚུན་ འཚོགས་གནང་ནི་ཨིནམ་བཞིན་དུ་ ཚོགས་བཞུགས་དེ་ནང་ གསུང་གྲོས་གནང་ནི་གི་ གྲོས་གཞི་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས།
དེ་ཡང་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་དང་། འབྲུག་གི་ནོར་ཁྲལ་དགོངས་དཔྱད་ཡིག་ ༢༠༢༤ ཅན་མ། འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མ་ཚུ་ལུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
དེ་བཟུམ་སྦེ་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ གཤམ་གསལ་གྱི་ གྲོས་ཆོད་ཚུ་ དང་ལེན་གྱི་ སྙན་ཞུ་ཕུལ་ཏེ་ གསུང་གྲོས་གནང་ནི་ཨིན་མི་དེ་ཡང་ བློན་ཆེན་གྱིས་ ཞི་གཡོགཔ་ཚུ་གི་ དབྱེ་ཞིབ་བརྟག་དཔྱད་རིམ་ལུགས་ (Max System) འདི་ བསྐྱར་ཞིབ་འབད་དེ་ ཞི་གཡོགཔ་ཚུ་གི་ གྲུབ་འབྲས་བརྟག་ཞིབ་དོན་ལུ་ ལག་ལེན་འཐབ་མི་ (Bell-Curve) ཆ་མེད་གཏང་དགོ་པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་དང་། ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་གིས་ མི་སེར་གྱི་ ས་ཆའི་ནང་ཚུད་མི་ གློག་མེའི་ཀཝ་དང་ གློག་ཐག་ལུ་བརྟེན་ཏེ་ མི་སེར་ལུ་ བྱ་སྟབས་མ་བདེཝ་ཡོད་པའི་ གྲོས་ཆོད་དང་ལེན་གྱི་སྙན་ཞུ། དེ་ལས་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་ཁམས་ས་གཏེར་ཚད་འཛིན་གྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ ཕུལ་མི་ཚུ་གུ་ སྤྱི་ཚོགས་ལྷན་བཞུགས་ཐོག་ལུ་ གསུང་གྲོས་གནང་ནི་ཨིན་པས།
ད་རུང་ བློན་པོ་ཚུ་གིས་ སྤྱི་ཚོགས་ ༤ པའི་ ཚོགས་ཐེངས་དང་པའི་ནང་ གྲོས་ཆོད་བཏོན་མི་ཚུ་གི་ ལག་ལེན་སྙན་ཞུ་ཚུ་ གསལ་ཞུ་ཕུལ་ནི་ཨིན་མི་དེ་ཡང་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ ལོ་ཐོག་དང་ སྒོ་ནོར་གྱི་ རྒུད་འཐུས་དོན་ལུ་ བློ་གཏད་མ་དངུལ་ གཞི་བཙུགས་འབད་དགོ་པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་དང་། གསོ་བའི་བློན་པོ་གིས་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་དགོ་པའི་ གྲོས་ཆོད་དང་ལེན་གྱི་སྙན་ཞུ། དངུལ་རྩིས་བློན་པོ་གིས་ འདེམས་ཁོངས་གོང་འཕེལ་གནང་སྦྱིན་གྱི་ མ་དངུལ་དགོ་པའི་ གྲོས་ཆོད་དང་ལེན་གྱི་སྙན་ཞུ། གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུའི་གུ་ བསྐྱར་ཞིབ་སྙན་ཞུ་ཚུ་ཕུལ་ཏེ་ གསུང་གྲོས་གནང་ནི་ཨིན་ཟེར་བཀོད་ནུག།
དེ་ལས་ ཚོགས་ཆུང་ཁག་གིས་ གྲོས་འདེབས་ཚུ་ ཕུལ་ནི་ཨིན་མི་དེ་ཡང་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་འཆར་གཞིའི་ སྙན་ཞུ་དང་། ཨམ་སྲུ་དང་ ཨ་ལོ་ན་གཞོན་ཚོགས་ཆུང་གིས་ ཉེན་སྲུང་དང་ལྡན་པའི་ མི་སྡེ་བཟོ་ནིའི་དོན་ལུ་ དགོས་མཁོའི་བརྟག་ཞིབ་སྙན་ཞུ། མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ ཀྲོང་གསར་སྟག་རྩེ་ རིག་གཞུང་མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནི་དང་ དེ་སྦེ་ སྒོ་བསྡམ་པའི་ཤུལ་ལུ་ སློབ་གྲྭ་དེ་ ག་ཅི་གི་དོན་ལས་ ལག་ལེན་འཐབ་ནི་ཨིན་ན་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།
ཚོགས་ཁང་གིས་ ཚོགས་ཐེངས་དེ་ནང་ གྲོས་དོན་ཕུལ་ཏེ་ གསུང་གྲོས་གནང་ནི་ཨིན་མི་དེ་ཡང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ བཅའ་ཁྲིམས་དགོ་པའི་སྐོར་ལས་དང་། འབྲུག་གི་དངུལ་ཕོགས་སྒྲིག་བཀོད་བཅའ་ཁྲིམས་ འཕྲི་སྣོན་མཛད་དགོ་པའི་ གྲོས་དོན་ཚུ་ཕུལ་ནི། གཞུང་གིས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པ་ འཕྲི་སྣོན་དང་ ཆུ་ཞིང་དང་ སྐམ་ཞིང་གི་ གནས་གོང་ཚད་མེད་ཚུ་ དག་བཅོས་འབད་དགོ་པའི་ གྲོས་དོན་ཚུ་ཡང་ ཕུལ་ནི་ཨིན་ཟེར་བཀོད་ནུག།
དེ་མ་ཚད་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ སློབ་རིམ་ ༡༢ པ་ མཐར་འཁྱོལ་བའི་ཤུལ་ལུ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ བརྒྱ་ཆ་ ༢༠ ལས་ ལེན་ནི་མེད་པའི་ ལྷག་ལུས་བརྒྱ་ཆ ༨༠ ཡོད་མི་ཚུ་གི་སྐོར་ལས་དང་ གཞན་ཡང་ ཤེས་རིག་དང་འབྲེལ་བའི་ གནད་དོན་ཚུ་གུ་ གྲོས་ཆོད་ཀྱི་ གྲོས་དོན་ཡང་ ཕུལ་ནི་ཨིན་པའི་གནས་ཚུལ།





Users Today : 3500
Users Yesterday : 3320
This Month : 93944
This Year : 389910
Total Users : 1101726
Views Today : 5957
Total views : 3077017
Who's Online : 26