
ལུང་ཕྱོགས་ནང་ ནུས་ཤུགས་ཀྱི་ ཉེན་སྲུང་བཙན་ཐབས་ལུ་དང་ གཙང་དག་ནུས་ཤུགས་ཀྱི་ གཞི་སྒྱུར་ལུ་ རྒྱབ་སྐྱོར་གྱི་དོན་ལས་ རྒྱ་གར་གྱི་ གཅིག་སྒྲིལ་གློག་མེ་ལས་སྡེ་ སྦོམ་ཤོས་ཅིག་ཨིན་མི་ ཊ་ཊ་གློག་མེ་ལས་སྡེ་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ ༢ ཀྱིས་ ཐབས་བྱུས་ཅན་གྱི་ མཉམ་རུབ་ཐོག་ལས་ འབྲུག་ལུ་ གཙང་དག་གློག་ཤུགས་ མེ་ག་ཝཱཊ་ ༥,༠༠༠ དེ་ཅིག་ གོང་འཕེལ་གཏང་ནི་ཨིན་པས།
དེ་ཡང་ གློག་ཤུགས་ཉེན་སྲུང་དང་ ལུང་ཕྱོགས་ནང་ གཅིག་སྒྲིལ་གྱི་དོན་ལུ་ སྤྱི་ལོ་ ༢༠༤༠ འཐོནམ་ད་ སྤྱིར་བཏང་ལུ་ གློག་ཤུགས་ཀྱི་ལྕོགས་གྲུབ་ མེ་ག་ཝཊི་ ༢༥,༠༠༠ གུ་ བཀལ་ནི་གི་ འཆར་སྣང་དང་འཁྲིལ་ཏེ་ཨིན་ཟེར་ མཉམ་འབྲེལ་གྱི་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག།
འབྲུག་གཞུང་གི་ཁ་ཐུག་ལས་ དམིགས་གཏད་དེ་ ལམ་སྲོལ་ཅན་གྱི་ ཆུར་བརྟེན་ནུས་ཤུགས་རྐྱངམ་གཅིག་མིན་པར་ ཉིན་དྲོད་གློག་མེ་དང་ ས་འོག་དྲོད་ཤུགས་ཚུ་ གློག་ཤུགས་ཀྱི་དོན་ལས་ གོང་འཕེལ་གཏང་ནི་དང་ ལས་འགུལ་སྒྲིག་བཀོད་ཚུ་ ཐབས་བྱུས་ཅན་གྱི་ མཉམ་རུབ་ཀྱི་ གནས་རིམ་ལུ་ བསྐྱར་བཀོད་འབད་དེ་ འགྲུབ་ནི་གི་ འཆར་གཞི་ཨིན་པས།
ད་རེས་ མཉམ་རུབ་ཀྱི་ལཱ་དེ་ ཨེ་ཤི་ཡའི་ལུང་ཕྱོགས་ནང་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ ༢ ལས་ གཙང་དག་གློག་ཤུགས་ལས་སྡེའི་ གློག་མེ་ལས་འཛིན་སྦོམ་ཤོས་ ༢ ཀྱིས་ ལག་ལེན་འཐབ་ནི་ཨིནམ་ད་ ལས་འཛིན་ ༢ ཀྱི་བར་ན་ སྤྱི་ལོ་ ༢༠༠༨ ལས་ཚུར་ མཐུན་ལམ་གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལོ་ངོ་ ༡༥ ལྷགཔ་ཅིག་སོང་ནུག།
གཙང་དག་གློག་ཤུགས་ཀྱི་ མཉམ་རུབ་ལས་འགུལ་དོན་ལུ་ གོ་དོན་ཆིངས་ཡིག་དེ་ ཐིམ་ཕུ་ལུ་སྦེ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་དང་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ དེ་ལས་ ཊ་ཊའི་བུ་ ཨེན་ཅཱན་ད་ར་ སེ་ཁ་རཱན་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སུ་ད་ཀར་ ད་ལེ་ལ་ དེ་ལས་ གཞན་ཡང་ འབྲུག་གཞུང་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ རྒྱ་གར་གཞུང་ཚབ་ཡིག་ཚང་ ཊ་ཊ་གློག་མེ་ལས་སྡེ་ཚུ་གི་ནང་ལས་ ཆེ་མཐོའི་འགོ་དཔོན་ཚུ་གི་ སྐུ་མདུན་ལུ་སྦེ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་དང་ ཊ་ཊ་གློག་མེ་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ ཌོག་ཊར་པར་བིར་སིན་ཧ་ ༢ ཀྱིས་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
མཉམ་རུབ་ལས་འགུལ་དེ་གི་ཐོག་ལས་ རྡོ་རྗེ་ལུང་ གློག་མེ་ལས་འགུལ་ནང་ལས་ གློག་ཤུགས་མེ་ག་ཝཱཊ་ ༡,༡༢༥ དང་ གོང་རི་ཆུ་མཛོད་ལས་ མེ་ག་ཝཱཊ་ ༧༤༠ དེ་ལས་ སྦྱི་རི་ཆུ་མཛོད་ལས་ མེ་ག་ཝཱཊ་ ༡,༨༠༠ དང་ ལྕམ་མཁར་ཆུ་ གོ་རིམ་ ༤ པ་ལས་ མེ་ག་ཝཱཊ་ ༣༦༤ ཚུ་གིས་གཙོས་པའི་ སླར་བྱུང་གློག་ཤུགས་ མེ་ག་ཝཱཊ་ ༤,༥༠༠ བརྩིས་ཏེ་ སླར་བྱུང་གློག་ཤུགས་བསྡོམས་ མེ་ག་ཝཱཊ་ ༥,༠༠༠ གོང་འཕེལ་གཏང་ནི་ཨིན་ཟེར་བཀོད་ནུག།
འཕྲལ་ཁམས་ཅིག་ཁར་ ཊ་ཊ་གློག་མེ་ལས་སྡེ་གིས་ གློག་ཤུགས་མེ་ག་ཝཱཊ་ ༦༠༠ འབད་མི་ འཁོར་ལོ་ཆུ་ གློག་མེ་ལས་འགུལ་ནང་ རྒྱ་གར་གྱི་རུ་པི་ ཐེར་འབུམ་ ༨.༣༠ གི་ འགན་ཁུར་འབག་སྟེ་ཡོདཔ་ད་ ལས་འགུལ་དེ་ནང་ རུ་པི་བསྡོམས་ ཐེར་འབུམ་ ༦༩ མ་རྩ་གཞི་བཙུགས་འབད་ནི་ཨིནམ་ཚད་ འབྲུག་ལས་ རྒྱ་གར་ལུ་ གཙང་དག་གློག་ཤུགས་ རྒྱུན་སྤེལ་འབད་མི་ དར་ལའི་བརྒྱུད་ལམ་ ཀི་ལོ་མི་ཊར་ ༡,༢༠༠ འབད་མི་དེ་ཡང་ ཊ་ཊ་གློག་མེ་ལས་སྡེའི་ ལག་ཐོག་ལུ་ཡོད་མི་ ལས་འགུལ་ཅིག་ཨིན་པས།
ཊ་ཊ་གློག་མེ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་དང་ འཛིན་སྐྱོང་མདོ་ཆེན་ ཌོག་ཊར་པར་བིར་ སིན་ཧ་གིས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་གཅིག་ཁར་ མཉམ་རུབ་ཐོག་ལས་ ལཱ་འབད་མི་དེ་གིས་ ལུང་ཕྱོགས་ནང་ གཙང་དག་གློག་ཤུགས་ཀྱི་དོན་ལས་ ཁོང་གི་ལས་འཛིན་ལུ་ སྔར་བ་ལྷག་པའི་ ཡིད་ཆེས་བསྐྱེད་ཚུགས་ནི་ཨིནམ་ད་ ད་རེས་ གློག་ཤུགས་མེ་ག་ཝཱཊ་ ༥ གི་དོན་ལུ་ མཉམ་རུབ་ཀྱི་ ལཱ་འབད་མི་དེ་གིས་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་ནང་ ནུས་ཤུགས་ཀྱི་དགོས་མཁོ་ ཡར་སེང་ཐོན་མི་དེ་ རྒྱུན་ཆད་མེད་པའི་ གཙང་དག་གློག་ཤུགས་ཀྱི་སྒོ་ལས་ འགྲུབ་ཐབས་ལུ་ཨིན་ཟེར་ཡང་བཤད་ནུག།
ཊ་ཊ་གློག་མེ་ལས་སྡེ་ལུ་ གློག་ཤུགས་བཟོ་བསྐྲུན་ནང་ ལོ་ངོ་ ༡༠༠ ལྷགཔ་ཅིག་གི་ ཉམས་མྱོང་ཡོདཔ་ད་ ལས་འཛིན་དེ་གིས་ རྒྱ་གར་རྒྱལ་ཁབ་ནང་ གློག་ཤུགས་གཞི་སྒྱུར་ མཐར་འཁྱོལ་ཅན་ བཟོ་ནི་ལུ་ ཁས་ལེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་ཐེད་ཁརཡང་ དཔལ་འབྱོར་དེ་ འཆར་གཞི་ ༢༥ པའི་ནང་ ཡར་འཕར་བརྒྱ་ཆ་ ༧.༢ འཐོན་ནི་གི་ ཚོད་རྩིས་ཡོདཔ་ལས་ གློག་ཤུགས་ཀྱི་ དགོས་མཁོ་ལུ་ ཡར་སེང་འཐོན་འོང་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1392162
Views Today :
Total views : 5000
Who's Online :