མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཀུན་གསལ་ཕོ་བྲང་ལུ་ ཐུགས་སྨོན་གནང་པར་བྱོན་ཡོདཔ།

རང་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིན་མར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨོ་རྒྱན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ ཀུན་གསལ་ཕོ་བྲང་ལུ་ སངས་རྒྱས་རྡོར་གདན་མའི་ སྐུ་མདུན་ལུ་ ཐུགས་སྨོན་གནང་པར་ བྱོན་གནང་ཡི།
ཕ་རཱནཛ་ལས་ ཀ་ལུ་རིན་པོ་ཆེ་དང་ གཞུང་གྲྭ་ཚང་གིས་ གདན་འདྲེན་ཞུ་མི་ སངས་རྒྱས་ཀྱི་ རིང་བསྲེལ་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལས་ ༢༢ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་ཀུན་གསལ་ཕོ་ཕྲང་ལུ་སྦེ་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་ད་ དེ་གི་ཧེ་མར་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ མཇལ་ཁ་གནང་ཡོདཔ་ཨིན་པས།
ལྷ་བབས་དུས་ཆེན་འདི་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ དམ་ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེནཁྱད་པར་ཅན་ཅིག་ཨིན་པའི་ གནས་ཚུལ་མདོར་བསྡུས།

Please follow and like us: