རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ནང་ སྡེ་ཚན་ཁ་པའི་ ལྷན་ཁག་ཚུ་ལུ་ དྲི་བཀོད་ལས་རིམ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ སྡེ་ཚན་ཁ་པའི་ བློན་པོ་ཚུ་ལུ་ དྲི་བཀོད་ལས་རིམ་ནང་ དྲི་བ་བསྡོམས་ ༥ གི་གྲས་ལས་ སོ་ནམ་དང་ སྒོ་ནོར་བློན་པོ་ལུ་ དྲི་བ་ ༣ དང་ གསོ་བའི་བློན་པོ་ལུ་ དྲི་བ་ ༢ ཞུ་ནུག།
དེ་ཡང་ རྩི་རང་ལུ་ སོ་ནམ་གྱི་ ཅ་ཆས་ཚུ་ལུ་ རིན་དངུལ་ཕབ་ཆག་གི་ གྲོགས་རམ་དང་ བསིལ་མཛོད་ཁང་མེད་མི་ དེ་ལས་ ལ་གོང་གསུམ་གྱི་ མི་སེར་ཚུ་ འཚོ་བ་ལ་ནོར་ལུ་བརྟེན་ཏེ་ སྡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ སྒེར་གྱི་སྨན་བཅོས་ཞབས་ཏོག་ལུ་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་མི་ དེ་ལས་ ངང་ལམ་སྨན་ཁང་ བཟོ་སྐྲུན་གྱི་ དུས་ཚོད་ཕར་འགྱངས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ དྲི་བ་ཞུ་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་ ལམ་གོང་ཝང་ཅང་འཐུས་མི་གིས་ སྤ་རོ་ལུ་ འབྱ་བརྔ་ནི་གི་ འཕྲུལ་ཆས་རྙིངམ་ཐལ་ཏེ་ འཕྲལ་འཕྲལ་སྦེ་ར་ མེདཔ་ཐལཝ་ལས་ འབྱ་བསྡུ་ནིའི་དུས་ཚོད་ འཕྱིས་དོ་ཡོད་ལུགས་དང་ རྒྱ་པཱན་ལས་ འཕྲུལ་ཆས་གསརཔ་ཚུ་ ལྷོད་ནི་དེ་ཡང་ དུས་ཚོད་འཕྱིས་མི་ལུ་ གཞིར་བཞག་སྟེ་ སོ་ནམ་པ་ཚུ་ལུ་ རིན་དངུལ་ཕབ་ཆག་ཐོག་ལས་ འཕྲུལ་ཆས་མཁོ་སྒྲུབ་འབད་ནི་ལུ་ གྲོགས་རམ་འབད་དགོཔ་སྦེ་ཞུ་ནུག།
དེ་གི་ལན་ལུ་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ ལཱ་འབད་མ་བཏུབ་མི་ བསྡུ་བསྒྱོམ་འཕྲུལ་ཆས་ཚུ་ ཚད་འཛིན་འབད་དེ་ཡོད་མི་དང་ གདོང་ལན་ དེ་ལས་ འཕྲུལ་ཆས་དེ་ཚུ་ མཁོ་སྒྲུབ་དང་ ཉམས་བཅོས་འབད་ནི་ལུ་ ཟད་འགྲོ་སྦོམ་སྦེ་ར་ བཏང་དགོཔ་ཐོན་མི་ལུ་ ངོས་ལེན་མཛད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ཚུ་གིས་ ཟད་འགྲོ་བརྒྱ་ཆ་ ༥༠ དེ་ཅིག་ གཏང་ཚུགས་པ་ཅིན་ གཞུང་ལས་ གྲོགས་རམ་འབད་ནི་གི་ དང་འདོད་ཡོདཔ་མ་ཚད་ སོ་ནམ་གྱི་ལཱ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱ་པཱན་གཞུང་དང་གཅིག་ཁར་ མཉམ་འབྲེལ་འཕྲོ་འཐུད་མཛད་ནི་ཨིན་པའི་ ཁས་བླངས་ཡང་མཛད་ནུག།
དེ་མ་ཚད་ འཕྲུལ་སྒྱུར་དང་ ལུང་ཕྱོགས་གོང་འཕེལ་གྱི་སྐོར་ལས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ འཆར་གཞིའི་འོག་ལུ་ འཕྲུལ་ཆས་ཐོག་ལས་ ལས་མི་མ་ལང་པའི་ དཀའ་ངལ་དང་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་ཚུ་ཡང་ བསལ་ནི་གི་ དམིགས་གཏད་ཡོད་པའི་ཁར་ སོ་ནམ་པ་ཚུ་གིས་ འཕྲུལ་ཆས་ཉོ་ནིའི་དོན་ལུ་ སྐྱེད་མར་ཕབ་ཀྱི་ སྐྱིན་འགྲུལ་ཡང་ འཐོབ་ཚུགས་ཟེར་ཨིན་པས།
རྩི་རང་རྫོང་ཁག་ གསེར་གྱི་ཐང་རྩི་རང་སྟོད་ འདེམས་ཁོངས་འཐུས་མི་གིས་ རྩི་རང་ལུ་ སོ་ནམ་དང་ སྒོ་ནོར་གྱི་ ཐོན་སྐྱེད་ཡར་སེང་འབད་ནི་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ བསིལ་མཛོད་ཁང་དང་ མཛོད་ཁང་ཚུ་མེད་པའི་ ཚ་གྱས་ཡོད་ལུགས་ཞུ་ཡི།
སོ་ནམ་དང་ སྒོ་ནོར་བློན་པོ་གིས་ སོ་ནམ་པ་ཚུ་ལུ་ ཐོན་སྐྱེད་ཀྱི་ གོང་ཚད་དྲང་བདེན་འཐོབ་ནི་ལུ་ དཀའ་ངལ་དང་ གདོང་ལན་བྱུང་མི་ལུ་ ངོས་ལེན་མཛད་པའི་ཁར་ གཞུང་གི་ཁ་ཐུག་ལས་ དངུལ་ཀྲམ་ས་ཡ་ ༥ དེ་ཅིག་ དམིགས་གཏད་བསྐྱེད་དེ་ བཟའ་འཐུང་ཉེན་སྲུང་གི་ སྲིད་བྱུས་ཅིག་སྦེ་ བསིལ་མཛོད་ཁང་དང་ མཛོད་ཁང་ཚུ་ བཟོ་སྐྲུན་འབད་དེ་ དཀའ་ངལ་ཚུ་ བསལ་ནི་དང་ ལུང་ཕྱོགས་མ་འདྲཝ་ཚུ་ནང་ ཟད་འགྲོ་སྦོམ་མའི་སྒོ་ལས་ གོང་འཕེལ་གཏང་མི་ མཐུན་རྐྱེན་ཚུ་ཡང་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་དགོ་པའི་ སྐུལ་མ་མཛད་ནུག།
ཧཱ་རྫོང་ཁག་ སྦྱིས་སྐར་ཚོ་དབུས་སུ་ འདེམས་ཁོངས་འཐུས་མི་གིས་ ལ་ནོར་གསོ་སྐྱོང་འཐབ་ནི་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ འབྲུག་གི་ལམ་སྲོལ་ ཉམས་སྲུང་འབད་ནི་དེ་ ལ་གོང་གསུམ་གྱི་ མི་སེར་ཚུ་ལུ་ ཁག་ཆེཝ་སྦེ་ཨིན་རུང་ ནད་གཞི་དང་ གནམ་གཤིས་འགྱུར་བགྲོད་ དེ་ལས་ རྩྭ་འབྲོག་མར་ཕབ་འགྱོ་མི་ལུ་བརྟེན་ཏེ་ ལ་ནོར་གྱི་ གྱངས་ཁ་མར་ཕབ་འགྱོ་དོ་ཡོདཔ་སྦེ་ཨིན་པས།
གནད་དོན་འདི་ཚུ་ སེལ་ཐབས་ལུ་ ལྷན་ཁག་གི་ཧོངས་ལས་ ཕ་སོན་ཁབ་ཀྱི་ ཞབས་ཏོག་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་ ༢༠ དང་ རྩྭ་འབྲོག་སྲུང་སྐྱོབ་ཀྱི་དོན་ལས་ དངུལ་ཀྲམ་ས་ཡ་ ༣༠ བགོ་བཀྲམ་འབད་ཡོདཔ་མ་ཚད་ རྒྱབ་སྐྱོར་གྱི་ ཐབས་ལམ་གཞན་ཚུ་ཡང་ བཟོ་བའི་བསྒང་ཡོད་ཟེར་ཞུ་ཡི།
ལྷོ་ཐིམ་ཕུའི་འཐུས་མི་གིས་ སྒེར་གྱི་སྨན་བཅོས་ཞབས་ཏོག་ མཁོ་འདོད་སྐྱེད་མི་ ཡར་སེང་འགྱོ་དོ་ཡོད་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ གསོ་བའི་བློན་པོ་གིས་ གཞུང་གི་ཁ་ཐུག་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ མི་མང་གསོ་བའི་ཞབས་ཏོག་ལུ་ ཁས་བླངས་འབད་དེ་ཡོདཔ་ལས་ སྒེར་གྱི་སྨན་ཁང་ཚུ་གིས་ མི་མང་ཞབས་ཏོག་ཚུ་ ལྷན་ཐབས་འབད་ཆོགཔ་ཡོད་ལུགས་ཀྱི་ ཞུ་བ་ཕུལ་བའི་ཁར་ སྒེར་གྱི་གསོ་བའི་ཞབས་ཏོག་ཚུ་ བལྟ་རྟོག་འབད་ནི་དང་ སྤུས་ཚད་དང་ ཟད་འགྲོ་གཏང་ཚུགསཔ་སྦེ་ བཟོ་ནིའི་དོན་ལུ་ཡང་ ཁྲིམས་ལུགས་དཔྱད་ཡིག་ཅིག་ ཟིན་བྲིས་འཐབ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
དེ་མ་ཚད་ དགོངས་ཞུ་འབད་མི་ ཌོག་ཊར་ཚུ་ འབྲུག་ལུ་ ཕྱག་ཞུ་མ་ཚུགས་པའི་ ཚ་གྱང་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གྲོས་བསྟུན་གྱི་ འཐུས་སྤྲོད་དགོ་པའི་ ཚ་གྱང་ཡོད་ལུགས་ཚུ་ཡང་ཞུ་ཡི།
བློན་པོ་གིས་ དགོངས་ཞུ་འབད་མི་ གསོ་བའི་ལས་བྱེདཔ་ཚུ་གིས་ ལམ་ལུགས་དང་འཁྲིལ་ཏེ་ ཞབས་ཏོག་ཚུ་ བྱིན་ཚུགསཔ་མ་ཚད་ དེ་ཚུ་གི་ ལམ་ལུགས་ཚུ་ཡང་ བཟོ་བའི་བསྒང་ཡོད་ཟེར་ཨིནམ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་འབྲེལ་བའི་ དུས་ཚོད་ཕར་འགྱངས་འབད་བའི་སྐབས་ལུ་ གྲོས་བསྟུན་གྱི་འཐུས་ཚུ་ ཕྱི་རུ་ཆུ་ཚོད་ ༤ ལས་ ༧ ཚུན་ ཞབས་ཏོག་ཁ་སྐོང་ཚུ་ བྱིན་ནིའི་དོན་ལུ་དང་ གསོ་བའི་ཞབས་ཏོག་གཞན་ཚུ་ཡང་ རིན་མེད་སྟོང་མར་ བཞག་དགོཔ་ཚུ་ཨིན་པས།
པདྨ་དགའ་ཚལ་ ངང་ལམ་འཐུས་མི་གིས་ ངང་ལམ་ལུ་ སྨན་ཁང་བཟོ་སྐྲུན་འབད་ནི་ ཡུན་འགྱངས་ལུས་མི་ལུ་ ཚ་གྱས་ཡོད་ལུགས་ཚུ་ ཞུ་བའི་ལན་ལུ་ གསོ་བའི་བློན་པོ་གིས་ སྨན་ཁང་རྒྱ་སྐྱེད་འབད་ནི་དེ་ མི་རློབས་ལུ་ རག་ལས་དགོཔ་ལས་ འཕྲལ་ཁམས་ཅིག་གི་ ཞིབ་འཇུག་ཅིག་ནང་ སྨན་ཁང་གསརཔ་ རྐྱབ་ནིའི་དོན་ལུ་ མཁོ་འདོད་བསྐྱེད་མི་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ ལྷན་ཁག་གིས་ ངང་ལམ་ལུ་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ཐབས་ལུ་ ཤུལ་མའི་ལོ་ནང་ སྨན་པ་ཁ་སྐོང་ གཏང་ནི་གི་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: