ཨིཛ་རེལ་ དམག་མི་ཚུ་གིས་ གནོད་འཚུབ་བཀལ་ཐོག་ལས་ ལེ་བ་ནཱོན་ལུ་ མི་གྲངས་ ༡༡ དམར་བསད།

ཨཱལ་ཇ་ཟི་ར།
ཨིཛ་རེལ་དང་ ཧེཛ་བོ་ལ་ དམག་སྡེ་གི་བར་ན་ ཕྱད་མདའ་མཚམས་འཇོག་འབད་ཡོད་རུང་ ཨིཛ་རེལ་གྱིས་ ལེ་བ་ནཱོན་ རྒྱལ་ཁབ་ནང་ འཕྲོ་མཐུད་དེ་ར་ གནོད་འཚུབ་ཚུ་ བཀལ་བཞིན་དུ་ཡོདཔ་ལས་ ལེ་བ་ནཱོན་གཞུང་གི་ སྲུང་སྐྱོབ་འགོ་དཔོན་ ༡ གིས་གཙོས་པའི་ མི་གྲངས་ ༡༡ དམར་བསད་འབད་ཡོདཔ་ཨིན་པས།
མཚམས་འཇོག་དེ་ཡང་ འདས་པའི་བདུན་ཕྲག་ནང་ལས་ ཆ་གནས་བཞག་དགོཔ་ཨིན་རུང་ ཨིཛ་རེལ་གྱིས་ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ གནོད་འཚུབ་བཀལ་ཐོག་ལས་ མི་གྲངས་ ༢ དམར་བསད་འབད་བའི་ཤུལ་ལུ་ ཧེཛ་བོ་ལ་ དམག་སྡེའི་ཁ་ཐུག་ལས་ ཨིཛ་རེལ་གྱི་ དམག་སྒར་ལུ་ ཆེད་དུ་དམིགས་ཏེ་ དགྲ་ལན་འཇལ་ནུག།
ཨིཛ་རེལ་གྱིས་ ཕྱད་མདའ་མཚམས་འཇོག་ལུ་ ཆ་བཞག་མ་བཏུབ་པར་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལཝ་ལས་ ཧེཛ་བོ་ལའི་ ཁ་ཐུག་ལས་ཡང་ ཀ་ཕཱར་ཅའོ་བ་ རིའི་རྩ་བར་ཡོད་མི་ ཨིཛ་རེལ་གྱི་ དམག་སྒར་གུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ཨིཛ་རེལ་དང་ ཧེཛ་བོ་ལའི་བར་ན་ ཕྱད་མདའ་རྐྱབ་སྟེ་ མི་གྲངས་ ༤༠༠༠ དེ་ཅིག་ དམར་བསད་འབད་བའི་མཐའ་མར་ ཕྱད་མདའ་མཚམས་འཇོག་གི་ ཆིངས་ཡིག་དང་འཁྲིལཝ་ད་ རྩ་ཕན་ག་གི་ཧོངས་ལས་འབད་རུང་ ཀྲོབ་མདའ་ཚུ་ རྐྱབ་མ་ཆོགཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།
ཨིཛ་རེལ་གྱི་ཁ་ཐུག་ལས་ ཕྱད་མདའ་མཚམས་འཇོག་གི་ དུས་སྐབས་དེ་ ལེ་བ་ནཱོན་གྱི་ ས་ཁོངས་གསརཔ་ཚུ་ནང་ བཙན་འཛུལ་འབད་ནི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: