
སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༢༤ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་ཡོདཔ་ད་ དུས་ཅི་ ཆོས་རྒྱུགས་དེ་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ མི་གྲངས་ ༢,༩༠༥ གིས་ གྲལ་གཏོགས་འབད་མིའི་གྲས་ལས་ ཞི་གཡོག་གི་ ས་སྟོང་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ ཞི་གཡོག་ནང་ བསྐོ་བཞག་གི་དོན་ལུ་ གདམ་ཁ་རྐྱབ་ནི་ཨིན་པས།
ཞི་གཡོག་ཆོས་རྒྱུགས་དེ་ གཟེངས་ཐོན་དང་ དྭངས་གསལ་གུ་ གཞི་བརྟེན་འབད་དེ་ ལཱ་གཡོག་ནང་ བསྐོ་བཞག་གི་ བྱ་སྒོའི་རིམ་པ་ མཐོ་ཤོས་ཨིནམ་ད་ དེ་ཡང་ སྔོན་འགྲོའི་ཆོས་རྒྱུགས་དང་ ཆོས་རྒྱུགས་གཙོ་བོ་ དེ་ལས་ ངག་ཐོག་དྲིས་ལན་ཚུ་ ལག་ལེན་དམ་དྲགས་ཀྱི་སྒོ་ལས་ མ་འོངས་པའི་ འགོ་ཁྲིདཔ་ཚུ་གི་ གདམ་འཐུ་འབད་ཐངས་དང་ ཞི་གཡོག་ནང་ ཁྱད་ལཱའི་བཟང་སྤྱོད་དང་ སེམས་ཤུགས་ཚུ་ གོང་འཕེལ་གཏང་ཐབས་ལུ་ཨིན་པས།
རྒྱ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐར་འཁྱོལ་བྱུང་མི་ཚུ་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་དང་ གྲུབ་འབྲས་མཐོ་དྲགས་ཐོན་མི་ ཞི་གཡོགཔ་ཚུ་ འབབ་ཁུངས་མཐོ་དྲགས་ཀྱི་ ལཱ་གཡོག་ནང་ བྱོན་ལེགས་ཡོད་ཟེར་ཨིནམ་ད་ དུས་ཅི་ མཐར་མ་འཁྱོལ་མི་ཚུ་ལུ་ ཆོས་རྒྱུགས་ཀྱི་དོན་ལས་ བརྩོན་ཤུགས་བསྐྱེད་མི་ལུ་ ངལ་རངས་ཡོད་པའི་ཁར་ མ་འོངས་པའི་ གོ་སྐབས་ཚུ་ ལེན་དགོ་པའི་ སེམས་སྐུལ་ཡང་ཡོད་ཟེར་ཨིན་པས།
འདས་པའི་ལོ་ངོ་ ༥ གི་ནང་ སྤྱི་ལོ་ ༢༠༢༤ ལུ་ ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལས་ ཐོ་བཀོད་འབད་མི་ མང་ཤོས་ཐོན་ཡོདཔ་ད་ དེ་ཡང་ མི་མང་ལས་གཡོག་ནང་ ན་གཞོན་ཚུ་གིས་ དང་འདོད་ཡར་སེང་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་པས།
ན་གཞོན་ཕོ་མོའི་ གྲུབ་འབྲས་འབད་བ་ཅིན་ ཆོས་རྒྱུགས་ནང་ བརྒྱ་ཆ་ ༥༠ ཐོབ་སྟེ་ མཐར་འཁྱོལ་མི་ ༢,༡༩༥ ལས་ ཨམ་སྲུ་ ༡,༡༨༩ དང་ ཕོ་སྐྱེས་ ༡,༠༠༦ ཨིནམ་ད་ དེ་བཟུམ་སྦེ་ ཆོས་རྒྱུགས་དབྱེ་ཁག་ ༡༡ གི་ནང་ལས་ དབྱེ་ཁག་ ༩ གི་ནང་ ཨམ་སྲུ་ཚུ་གིས་ ཨང་དང་པ་དང་ ཕོ་སྐྱེས་ཚུ་གིས་ དབྱེ་ཁག་ ༢ ཀྱི་ནང་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
གདམ་འཐུའི་དོན་ལུ་ མཐར་འཁྱོལ་གྱི་ བརྒྱ་ཆ་དེ་ སྤྱི་ལོ་ ༢༠༢༣ དང་ཕྱདཔ་ད་ བརྒྱ་ཆ་ ༦.༣༠ ཡར་སེང་ཐོག་ལས་ དུས་ཅི་ བརྒྱ་ཆ་ ༧༨.༢༥ གུ་ གནས་ཡོདཔ་ཨིན་པས།
གདམ་འཐུ་གྲུབ་མི་ཚུ་གིས་ གདམ་འཐུ་དང་ ལཱ་གཡོག་གི་ ས་གོའི་གྲོས་སྟོན་ ལྷག་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ དེ་ཡང་ ཡོངས་འབྲེལ་འཆར་སྒོ་ http://www.rcsc.gov.bt/…/Selection-and-Placement…བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 2961
Users Yesterday : 1453
This Month : 2961
This Year : 298927
Total Users : 1010743
Views Today : 4371
Total views : 2933974
Who's Online : 15