
བི་བི་སི།
སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ ཕ་རཱནཛ་གི་བློན་ཆེན་ མའི་ཀེལ་ བར་ནི་ཡར་གྱི་ རྒྱབ་འགལ་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཏེ་ བློན་ཆེན་དེ་ ཕྱིར་དབྱུངས་ཐོག་ལས་ ཕ་རཱནཛ་གི་གཞུང་དེ་ ཧྲམ་བཏང་ཡོདཔ་ཨིན་པས།
དེ་ཡང་ མའི་ཀེལ་ བར་ནི་ཡར་དེ་ ཟླཝ་ ༥ གི་ཧེ་མར་ སྲིད་འཛིན་ཨེ་མ་ནུལ་ མེ་ཀོ་རཱོན་གྱིས་ བློན་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་བཙུགས་མ་བཅུག་པར་ འཆར་དངུལ་དེ་ དམིགས་བསལ་གྱི་ དབང་ཆ་ལག་ལེན་འཐབ་སྟེ་ ཆ་འཇོག་གྲུབ་ཡོདཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ལེ་ཤ་ཅིག་གིས་ ཁོ་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ནི་ལུ་ རྒྱབ་སྐྱོར་འབད་ནུག།
དེ་ཧྦེ་ ཚོགས་རྒྱན་བཙུགས་དགོ་པའི་ གྲོས་དོན་དེ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ སྤྱི་ཚོགས་ནང་ བཙུགས་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༡༩༦༢ ལས་ ད་ཚུན་གྱི་བར་ན་ ཡིད་ཆེས་མེད་པའི་ ཚོགས་རྒྱན་ཐོག་ལས་ གཞུང་ཧྲམ་བཏང་ནི་དེ་ འགོ་དང་པ་ཨིན་པས།
བློན་ཆེན་བར་ནི་ཡར་གྱིས་ ཁོ་གི་གཞུང་དེ་ དགོངས་ཞུ་འབད་ནི་ཨིན་པའི་ ཞུ་ཡིག་ཕུལ་དགོཔ་དང་ ཁོ་གི་འཆར་དངུལ་དེ་ཡང་ ཆ་མེད་འགྱོ་ནི་ཨིན་རུང་ སྲིད་འཛིན་གྱི་ཁ་ཐུག་ལས་ བློན་ཆེན་ཅིག་ གདམ་ཁ་མ་གྲུབ་ཚུན་ གནས་སྐབས་ཀྱི་ བློན་ཆེན་སྦེ་ ལུས་ནི་ཨིན་པས།
ཡིད་ཆེས་མེད་པའི་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ བློན་ཆེན་བར་ནི་ཡར་གྱིས་ སྤྱི་ཚོགས་ནང་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་དབྱུངས་འབད་རུང་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་དཀའ་ངལ་དེ་ བསལ་མི་ཚུགས་ཟེར་ བཤད་ཡོདཔ་ད་ དེ་ཡང་ ད་རེས་ བུ་ལོན་གྱི་ གནས་སྟངས་ངོ་མ་དེ་ ཧ་གོཝ་བཞིན་དུ་ ཐབས་ལམ་དམ་དྲགས་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ གྲོས་འཆར་ཚུ་ བཀོད་ཡོདཔ་སྦེ་བཤད་ནུག།
ནེ་ཤ་ནཱལ་ རེ་ལི་སྲིད་ཚོགས་ནང་ལས་ ཨམ་ལེ་པེན་གྱིས་ བློན་ཆེན་བར་ནི་ཡར་ ཕྱིར་དབྱུང་འབད་ནི་ལས་ ཐབས་ལམ་གཞན་ མ་མཐོང་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཚོགས་རྒྱན་བཙུགས་མི་ལུ་ བརྩི་མཐོང་མེད་པ་ཅིན་ སྲིད་འཛིན་ལུ་ཡང་ ཨེབ་ཤུགས་མང་སུ་ འཐོན་ནི་ཨིནམ་སྦེ་ བཤད་ནུག་་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1436739
Views Today :
Total views : 5000
Who's Online :