འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཕྱད་མདའ་མཚམས་འཇོག་ལུ་རྒྱབ་སྐྱོར།

ཨཱལ་ཇ་ཟི་ར།
འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ དེ་འཕྲལ་ལས་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ ཚོགས་རྒྱན་བསྐྱུར་ཡོདཔ་ད་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བའི་ མི་སེར་ཚུ་གི་དོན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ལུ་ཡང་ རྒྱབ་སྐྱོར་འབད་དགོ་པའི་ བརྗོད་དོན་ཚུ་བཀོད་ནུག།
དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་བཏོན་མི་ གྲོས་ཆོད་ལྟར་དུ་འབད་བ་ཅིན་ ག་ཟ་ལུ་ ཕྱད་མདའ་དེ་ གནས་ཚིག་གང་ཡང་ བཀོད་ནི་མེད་པའི་སྒོ་ལས་ གཏན་འཇགས་ཀྱི་དོན་ལུ་ དེ་འཕྲལ་ལས་ འཕྲོ་བཅད་དགོཔ་སྦེ་ འཐུས་མི་ ༡༩༣ འབད་ས་ལས་ ༡༥༨ ཀྱིས་ རྒྱབ་སྐྱོར་ཡོདཔ་སྦེ་ ཚོགས་རྒྱན་བསྐྱུར་ཡོདཔ་ད་ འཐུས་མི་ ༡༣ གྱིས་ གྲལ་གཏོགས་མ་འབདཝ་ཨིན་པས།
ཡོངས་ཁྱབ་ཞལ་འཛོམས་ཀྱི་ གྲོས་ཆོད་ ༢ པའི་ནང་ ཨིཛ་རེལ་གྱིས་ ཁྲིམས་ལུགས་གསར་བརྩམས་ཐོག་ལས་ ཨིཛ་རེལ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་དོན་ཚུ་ བཀག་དམ་འབད་ནི་སྦེ་ཡོད་མི་དང་འབྲེལ་ཏེ་ ཨིཛ་རེལ་ལུ་ ཁ་ཉེས་བཀལ་ནི་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བ་ཚུ་གི་དོན་ལུ་ རྒུད་གསོའི་ལས་སྡེ་ལུ་ རྒྱབ་སྐྱོར་འབད་ནི་གི་ བརྗོད་དོན་དང་འབྲེལ་ཏེ་ ཚོགས་རྒྱན་བཙུགསཔ་ད་ འཐུས་མི་ ༡༥༩ གིས་ རྒྱབ་སྐྱོར་ཡོད་པའི་ ཚོགས་རྒྱན་བཙུགས་ཡོད་རུང་ འཐུས་མི་ ༡༡ གིས་ གྲལ་གཏོགས་མ་འབད་ནུག།
ཡོངས་ཁྱབ་ཞལ་འཛོམས་ཀྱི་ གྲོས་ཆོད་དང་འཁྲིལཝ་ད་ སྐྱབས་བཅོལ་བ་ཚུ་གི་ རྒུད་གསོ་ལས་སྡེའི་ འགན་ཁུར་དང་ ཐོབ་དབང་ཚུ་ལུ་ ཨིཛ་རེལ་གྱིས་ རྩིས་མཐོང་བསྐྱེད་དགོ་པའི་ཁར་ ཨིཛ་རེལ་གཞུང་གིས་ རྒྱལ་སྤྱིའི་འགན་ཁུར་ཚུ་ལུ་ བརྩི་འཇོག་ཐོག་ལས་ ས་གནས་ག་ཟའི་ནང་འཁོད་ལུ་ འགྲོ་བ་མིའི་གྲོགས་རམ་ཚུ་ ཐོགས་ཆག་མེད་པར་ བརྒྱུད་སྤེལ་འབད་དགོ་པའི་ དགོས་མཁོ་ཚུ་ཡང་ གསལ་བཀོད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: