
སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་པའི་ཁར་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་གཙོས་པའི་ བློན་པོ་བགྲེསཔ་ཚུ་དང་ དཔོན་ཁག་བགྲེསཔ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ ཕྱི་འབྲེལ་དོན་གཅོདཔ་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ བཀྲིན་དགའ་ཚོར་ཚུ་ ཞུ་ཡོདཔ་མ་ཚད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ གྲྭ་ཚང་དང་ དགོན་སྡེ་ཁག་གི་ བླ་སྤྲུལ་དང་ དགེ་འདུནམ་ཚུ་ལུ་ཡང་ བཀྲིན་དགའ་ཚོར་ཞུ་ཡི།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་གིས་ དགེ་ལེགས་ཕུག་ལུ་ མི་དབང་མངའ་བདག་རྒྱལ་པོའི་ ལས་འགུལ་གཙོ་ཅན་ ལེ་ཤ་ཅིག་ཡོད་པའི་ནང་ལས་ རྫོང་གཞི་དང་ ལྷ་ཁང་ མཆོད་རྟེན་དང་ གནས་ཁང་ལ་སོགས་པ་ཚུ་ བཞེངས་གནང་ནི་གི་ ས་བསླངས་རྟེན་འབྲེལ་ མཛད་གནང་ནི་དེ་གིས་ དཔལ་ལྡན་འབྲུག་པའི་ བཀའ་སྲུང་དང་ ཆོས་སྐྱོང་སྲུང་མ་ཚུ་ ཐུགས་དགྱེས་པའི་ངང་ལས་ སྡོང་གྲོགས་ཚུ་ ཕུལ་དོ་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ མི་དབང་མཆོག་ སྐུ་འོ་བརྒྱལ་བ་ལུ་མ་གཟིགས་པར་ ནེ་པཱལ་ལུ་བྱོན་ཏེ་ འཕགས་པ་ཞིང་ཀུན་དང་ བྱ་རུང་ཁ་ཤོར་མཆོད་རྟེན་ལུ་ མཆོད་མེ་ཕུལ་ཐོག་ལས་ ཐུགས་སྨོན་ཚུ་ གནང་མི་དེ་གིས་ དགེ་ལེགས་ཕུག་ལུ་ བཞེངས་གནང་ནི་ཨིན་མི་ བྱ་རུང་ཁ་ཤོར་མཆོད་རྟེན་དང་ གཞན་ཡང་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཚུ་ རང་བཞིན་གྱིས་འགྲུབ་པའི་ རེ་སྨོན་ཡོད་ཟེར་ཞུ་ཡི།
མི་དབང་མཆོག་གིས་ ད་ལྟོ་དང་ མ་འོངས་ཕུགས་ཀྱི་བཙན་ཐབས་ལུ་ འབྲུག་པའི་ན་གཞོན་ཚུ་ ལྕོགས་གྲུབ་ཅན་དང་ འཇོན་ཐངས་ཅན་ རང་གི་རྐང་མར་ རང་ལོང་སྡོད་ཚུགསཔ་བཟོ་སྟེ་ འབྲུག་གི་རྩ་བ་གསུམ་ལུ་ ཐ་དམ་ཚིག་དང་ ལས་རྒྱུ་འབྲས་ཐོག་ལས་ ཕྱག་ཕྱིད་ཞུ་ཚུགསཔ་ བཟོ་ནི་གི་ ཐུགས་བཞེད་གནང་སྟེ་ དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༥ ལས་ སྦྱོང་བརྡར་ལྟེ་བ་ཁག་ ༤ གི་ནང་ དུས་མཉམ་སྦེ་ ཟླ་ངོ་ ༣ གྱི་རིང་ལུ་ འགོ་བཙུགས་གནང་མི་ ཤོ་ཐེངས་དང་པའི་ རྒྱལ་སྲུང་སྦྱོང་བརྡར་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ ན་གཞོན་ ༢,༠༠༡ གིས་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
རྒྱལ་སྲུང་སྦྱོང་བརྡར་ མཇུག་བསྡུ་མི་ ན་གཞོན་ཚུ་གིས་ ཁོང་རང་ལུ་ དགོས་མཁོ་ཆེ་བའི་ ཀུན་ཚང་ཡོན་ཏན་ ཐོབ་མི་དང་གཅིག་ཁར་ ན་གཞོན་ཚུ་གིས་ ད་ལས་ཕར་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནི་གི་ བློ་གཏད་དང་ བློ་སྟོབས་སྦོམ་སྦེ་ར་ ཐོབ་ཡོདཔ་ལས་ དཔའ་ཉམས་དང་ ཚོར་སྣང་མ་འདྲཝ་སྦེ་ར་ བྱུང་སྟེ་འདུག་ཟེར་ཞུ་ཡི།
སྦྱོང་བརྡར་མཇུག་བསྡུའི་ རྟེན་འབྲེལ་ནང་ མི་དབང་ཞབས་ལས་ རྒྱལ་སྲུང་གི་ ལས་རིམ་དེ་ རྒྱལ་རབས་ཅན་གྱི་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་པའི་ བཀའ་སློབ་གནང་མི་དེ་ལུ་ སྦྱོང་བརྡར་འབད་མི་ ན་གཞོན་ཚུ་དང་ མཛད་སྒོ་དངོས་སུ་མཇལ་མི་ དེ་ལས་ རྒྱང་མཐོང་ཐོག་ལས་མཇལ་མི་ འབྲུག་པའི་མི་སེར་ཚུ་ལུ་ གསུང་བཤད་ཀྱི་ བཅུད་དོན་དེ་གིས་ སེམས་འཁྲུལ་ལྷང་ལྷང་སྦེ་ བཟོ་ཡོདཔ་མ་ཚད་ ཡིད་ཆེས་བསྐྱེད་པའི་ཁར་ ངལ་རངས་ཀྱི་ ཚོར་སྣང་ཚུ་ཡང་ སྤྱི་དང་མ་འདྲཝ་སྦེ་ བྱུང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ བླ་སློབ་དང་ མཁན་སྤྲུལ་ཡོངས་དང་ གྲྭ་ཚང་དང་ ཆོས་སྡེ་ དགོན་སྡེ་ཁག་ནང་བཞུགས་མི་ བླ་སློབ་དང་ ཆོས་འཛིན་པ་ཚུ་གིས་ རྒྱལ་ཁབ་ནང་ དགའ་སྐྱིད་དང་ ཞི་བདེ་འབྱུང་ཐབས་ལུ་དང་ ནད་ཡམས་མུ་གེ་ལ་སོགས་པ་ཚུ་ མི་འབྱུང་ནིའི་དོན་ལས་ སྐུ་རིམ་དང་ བཟློག་ཐབས་རིམ་གྲོ་ཚུ་ རྒྱུན་ཆད་མེད་པར་ གནང་མི་ལུ་ཡང་ བཀའ་དྲིན་དགའ་ཚོར་ ཞུ་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1401004
Views Today :
Total views : 5000
Who's Online :