མི་དབང་མཆོག་གི་ཞབས་ལས་ འབྲུག་གི་བལྟ་བཤལ་ལས་སྡེ་ལུ་ རྒྱལ་ཡོངས་གཟེངས་བསྟོད་ འབྲུག་ཐུགས་སྲས་ཀྱི་རྟགས་མ།

འདས་པའི་ལོ་ ༥༠ གི་རིང་ལུ་ འབྲུག་གི་བལྟ་བཤལ་ལས་སྡེ་གིས་ རྒྱལ་ཁབ་ནང་ བལྟ་བཤལ་གོང་འཕེལ་གྱི་དོན་ལས་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུངས་ངལ་རངས་དང་བཅས་པའི་སྒོ་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
དེ་ཡང་ སྤྱི་ལོ་ ༡༩༧༤ ལུ་ གཞི་བཙུགས་འབད་མི་ རིན་ཐང་ཆེ་བ་དང་ འབོར་ཚད་ཉུང་པའི་ བལྟ་བཤལ་གྱི་ སྲིད་བྱུས་འདི་ འགྱུར་བ་མེད་པར་ ལག་ལེན་འཐབ་སྟེ་ འཛམ་གླིང་ནང་ རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ རང་བཞིན་གྱི་ མཛེས་ཆ་ཚུ་ ཡུན་བརྟན་ཐོག་ལུ་ གསལ་སྟོན་དང་ སྙན་གྲགས་ཚུ་ ཁྱབ་སྤེལ་འབད་བའི་ ངོས་འཛིན་ལུ་ཡང་ཨིན་པས།
འབྲུག་གི་བལྟ་བཤལ་ལས་སྡེའི་ནང་ འབྲུག་བལྟ་བཤལ་ལས་ཁུངས་དང་ འབྲུག་ལྟ་བཤལ་ལག་ལེན་ཚོགས་པ་ བཟའ་ཁང་ཚོགས་པ་ བལྟ་བཤལ་ལམ་སྟོན་ཚོགས་པ་ ལག་བཟོའི་ཚོགས་པ་ དེ་ལས་ རྒྱལ་གཞུང་བལྟ་བཤལ་དང་ མགྲོན་སྐྱོང་གཙུག་སྡེ་ཚུ་ ཚུདཔ་ཨིན་པས།
མི་དབང་མཆོག་གི་ཞབས་ལས་ འབྲུག་གི་བལྟ་བཤལ་ལས་སྡེ་ཚུ་གིས་ འཛམ་གླིང་ནང་ ཁྱབ་སྤེལ་འབད་བ་ལུ་བརྟེན་ཏེ་ མི་དབང་མཆོག་ རྒྱལ་ཁབ་ག་ཏེ་བྱོན་རུང་ འབྲུག་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དེ་གིས་ དཔའ་ཉམས་བྱུང་ཡི་ཟེར་ གསུངས་གནང་ཡི།
དེ་མ་ཚད་ ཕྱི་མི་མང་རབས་ཅིག་དང་ ཚོང་འབྲེལ་འཐབ་མི་ འགོ་ཁྲིདཔ་ཚུ་ཡང་ ལེ་ཤ་ཅིག་ འབྲུག་ལུ་ ལོག་ཅི་ར་ ལྷོད་ཡོདཔ་བཞིན་དུ་ མགྲོན་སྐྱོང་དང་འབྲེལ་བའི་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བྱིན་ནི་དེ་ལུ་ཡང་ བཀྲིན་དགའ་ཚོར་དང་ ངལ་རངས་ཡོད་ལུགས་ཚུ་ བཤད་ནི་འདུག་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།

Please follow and like us: