
སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ག་ནི་བ་ རྩ་ཆེ་བའི་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་དང་འབྲེལ་ཏེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་ལུ་ རྒྱལ་ཡོངས་གཟེངས་བསྟོད༌ འབྲུག༌ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
སློབ་དཔོན་བསམ་གཏན་རྡོ་རྗེ་དེ་ སྤྱི་ལོ་ ༡༩༦༤ ལུ་ སྐུ་འཁྲུངས་ཡོདཔ་ད་ དགུང་ལོ་ ༨ ལས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ དཀྱིལ་ཆོག་གི་རིམ་པ་ཚུ་ལུ་ སྦྱངས་བརྩོན་མཛད་པའི་ཤུལ་ལས་ རིག་གནས་དང་ གཞུང་ཆེན་ལ་སོགས་པ་ཚུ་ འབྲུག་རྒྱལ་ཁབ་ནང་མ་ཚད་ འབྲས་ལྗོངས་དང་ རྒྱ་གར་ལུ་ཚུ་ཡང་ གསན་བསམ་མཛད་ནུག།
དེ་གི་ཤུལ་ལས་ ལོ་ངོ་ ༤ གི་རིང་ལུ་ མདོ་སྡེ་བྲག་བཤད་གྲྭའི་ དབུ་འཛིན་དང་པ་ མཛད་ཡོདཔ་ད་ དེ་ལས་ རིམ་པ་བཞིན་དུ་སྦེ་ ལྕགས་རི་རྡོ་རྗེ་གདན་ སྒྲུབ་སྡེ་ལྟེ་བའི་ དབུ་འཛིན་དང་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་པ་སྦེ་ བསྐོ་བཞག་གནང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ཚུན་ ཕྱག་ཞུ་བའི་སྐབས་ལུ་ འཛམ་གླིང་ནང་ དཔལ་ལྡན་འབྲུག་པའི་ ནང་པ་སངས་རྒྱས་པའི་ཆོས་ལུགས་ ཁྱབ་སྤེལ་མཛད་ཡོདཔ་ལས་ རྒྱལ་སྤྱི་ནང་པ་སངས་རྒྱས་པའི་ ཞི་བདེའི་རྟགས་མ་ཚུ་ཡང་ བཞེས་ཡོད་པའི་གནས་ཚུལ།




Users Today : 3979
Users Yesterday : 3959
This Month : 54743
This Year : 491736
Total Users : 1203552
Views Today : 7231
Total views : 3245737
Who's Online : 19