
རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ ལྷོ་ཀོ་རི་ཡའི་ གསང་ཞིབ་ལས་སྡེ་གིས་འབད་བ་ཅིན་ ར་ཤི་ཡའི་ བདག་དབང་ལུ་ཡོད་མི་ ལུང་ཕྱོགས་ཀརཛ་ཟེར་སར་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་མིའི་ནང་ བྱང་ཀོ་རི་ཡའི་ དམག་མི་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡,༠༠༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ར་ བྱང་ཀོ་རི་ཡའི་ དམག་མི་ཚུ་ལུ་ ཌྲཱོན་ཚུ་ལག་ལེན་འཐབ་ནི་ལུ་ ཉམས་མྱོང་མེད་པའི་ཁར་ ཕྱད་མདའ་རྐྱབ་སའི་ ས་ཁོངས་ཀྱི་ ཆགས་ཚུལ་དེ་ཡང་ ཐང་ཆེན་སྦེ་ཡོདཔ་ལས་ དེ་བཟུམ་མའི་ ས་ཁོངས་ནང་ ཕྱད་མདའ་རྐྱབ་ནི་གི་ ཉམས་མྱོང་མེད་ནི་དེ་གིས་ཨིན་པས་ཟེར་ ལྷོ་ཀོ་རི་ཡའི་ སྤྱི་ཚོགས་འཐུས་མི་ཅིག་གིས་ གནས་ཚུལ་བསྡུ་བཀོད་པ་ཚུ་ལུ་ གསལ་བཤད་འབད་ནུག།
བྱང་ཀོ་རི་གིས་ ད་རུང་ཡང་ དམག་རྒྱབ་ཚུ་ གཏང་ནིའི་དོན་ལས་ དམག་སྦྱོང་ཚུ་ཡང་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་ ཁོ་རང་གིས་ར་ བལྟ་རྟོག་འབད་དོ་ཡོདཔ་སྦེ་ཨིན་པས།
བྱང་ཀོ་རི་ཡའི་ དམག་མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་མི་དེ་ཡང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡའི་ དམག་མི་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཀརཛ་ལུང་ཕྱོགས་ནང་ ཕྱད་མདའ་རྐྱབ་བཅུག་སྟེ་ཡོདཔ་ད་ མ་གཞི་ ར་ཤི་ཡའི་ ཀརཛ་ལུང་ཕྱོགས་ནང་ སྤྱི་ཟླ་ ༨ པའི་ནང་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ བཙན་འཛུལ་འབད་ནུག།
ཡུ་ཨེཛ་དང་ ལྷོ་ཀོ་རི་ཡའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡའི་ དམག་མི་ ༡༠,༠༠༠ ལྷགཔ་ཅིག་ར་ ར་ཤི་ཡ་ལུ་ དམག་རྒྱབ་ཀྱི་དོན་ལས་ བཏང་སྟེ་ཡོད་པའི་ཁར་ མཚོན་ཆ་དང་ སྟོབས་བཟློག་ཐབས་ཀྱི་ མི་ཛ་ཡེལ་དང་ རང་སྒུལ་ཀྲོབ་མདའ་ལ་སོགས་པ་ཚུ་ཡང་ དོས་ ༡༠,༠༠༠ ལྷགཔ་ཅིག་ བཏང་ནུག་ཟེར་ཨིན་པས།.
གནད་དོན་དེ་ཚུའི་སྐོར་ལས་ ར་ཤི་ཡ་དང་ བྱང་ཀོ་རི་ཡ་གིས་ ག་ནི་ཡང་ བཤད་མ་བཏུབ་རུང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ བྱང་ཀོ་རི་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དྲག་པོའི་མཐུན་འབྲེལ་དེ་ ཡུ་ཨེཛ་དང་ མཐུན་འབྲེལ་ཡོད་མི་ རྒྱལ་ཁབ་ཚུ་གི་ རྒྱབ་འགལ་ལུ་ དོན་སྨིན་ཅན་ཅིག་སྦེ་ བྱུང་སྟེ་ཡོདཔ་སྦེ་བཤད་ནུག།
དེ་མ་ཚད་ བྱང་ཀོ་རི་ཡའི་ ཕྱི་འབྲེལ་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ཡང་ ཡུ་ཨེཛ་གིས་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ ཕར་འགྱངས་འབད་དོ་ཡོད་པའི་ཁར་ ཡུ་རོབ་དང་ ཨེ་ཤི་ཡ་ པེ་སི་ཕིག་གི་ ལུང་ཕྱོགས་ཚུ་ནང་ ཉེན་སྲུང་སྲ་བརྟན་ལུ་ གནོད་པ་བཀལ་དོ་ཡོད་པའི་ ཁ་ཉེས་ཡང་ བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1396117
Views Today :
Total views : 5000
Who's Online :