
བི་བི་སི།
སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ རྒྱ་གར་གྱི་ཁྲོམ་སྡེ་ མུམ་བའི་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ མཚོ་དམག་མགྱོགས་ཤུགས་ཅན་གྱི་ གྲུ་ཆུང་ཅིག་དང་ སྐྱེལ་འདྲེན་གྲུ་ཟིང་ ༢ ཀྱི་བར་ན་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག།
སྐྱེལ་འདྲེན་གྲུ་ཟིང་དེ་ སྒེར་གྱི་གྲུ་ཟིང་ཅིག་ཨིནམ་ད་ དེ་ཡང་ མིང་གཏམ་ཅན་གྱི་ བལྟ་བཤལ་བསྐྱོད་ཡུལ་ ཨེ་ལེ་ཕེན་ཊ་ཀཱེབ་ཟེར་མི་ བྱག་ཕུག་ཁ་ཐུག་ལུ་ འགྱོ་བའི་བསྒང་ཨིན་པས།
མཧཱ༌རཱཤ་ཏ་ར་མངའ་སྡེའི་ གཙོ་འཛིན་བློན་པོ་གིས་ མཚོ་དམག་གི་ ལས་གཡོགཔ་ ༣ དང་ འགྲུལ་པ་ ༡༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ གྲུ་ཆུང་དེ་ ཧེ་མ་ར་ པད་སྐོར་བསྒྱིར་ཏེ་ སྡོད་པའི་ཤུལ་ལུ་ སྐྱེལ་འདྲེན་གྲུ་ཟིང་གུ་བརྡུང་སྟེ་ ཐིམས་སོངཔ་སྦེ་བཤད་ནུག།
རྒྱ་གར་གྱི་ མཚོ་དམག་ལས་སྡེ་གིས་ མགྱོགས་ཤུགས་ཅན་གྱི་ གྲུ་ཆུང་གི་ འཕྲུལ་ཆས་ལུ་ སྐྱོན་ཞུགས་ཡོདཔ་ད་ ས་གནས་ཀྱི་ བརྡ་བརྒྱུད་དང་འཁྲིལཝ་བ་ཅིན་ ཐུག་རྐྱེན་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ ཞིབ་དཔྱད་འབད་དགོ་པའི་ བཀོད་རྒྱ་བཏང་ནུག་ཟེར་ཨིན་པས།
རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ ཤི་རྐྱེན་བྱུང་མི་ཚུ་གི་ བཟའ་ཚང་ཚུ་ལུ་ སེམས་གསོ་དང་ རྒུད་འཐུས་སྦེ་ རུ་པི་ ༢༠༠,༠༠༠ རེ་དང་ རྨ་སྐྱོན་བྱུང་མི་ཚུ་ལུ་ རུ་པི་ ༥༠,༠༠༠ རེ་ གནང་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
ད་རེས་ ཟླཝ་ ༡ གི་ ནང་འཁོད་ལུ་ར་ དེ་བཟུམ་མའི་ ཐུག་རྐྱེན་ལན་ཐེངས་ ༢ བྱུང་ཡོདཔ་ད་ དེ་ཡང་ ཧེ་མའི་ ཐུག་རྐྱེན་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ས་གནས་གོ་ཝའི་ ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ དམག་གྲུ་ ༡ དང་ ཉ་བཟུང་གྲུ་ཆུང་ ༡ ཁ་ཐུག་རྐྱབ་ཡོདཔ་ལས་ མི་གྲངས་ ༢ བྱང་སྟོར་ཤོར་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1396401
Views Today :
Total views : 5000
Who's Online :