
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ས་གནས་ ག་ཟའི་བྱང་ཕྱོགས་ལུ་ཡོད་མི་ ཀ་མཱལ་ཨཱད་ཝཱན་ སྨན་ཁང་ལུ་ གནོད་འཚུབ་བཀལཝ་ལས་ ནདཔ་དང་ གསོ་བའི་ལས་གཡོགཔ་ ཉུང་ཤོས་ར་ ༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
དེ་མ་ཚད་ ས་གནས་ཌེར་ཨེལ་བ་ལ་ཟེར་སར་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ བཀྲེས་སྐོམ་གྱི་ སྡུག་བསྔལ་མྱོང་སྟེ་ཡོད་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་གི་དོན་ལུ་ གྲོགས་རམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ལུ་ཡང་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ སྲུང་སྐྱོབ་དམག་མི་ ༤ བརྩིས་ཏེ་ དེ་ཚེ་ཉིན་མར་ མི་གྲངས་བསྡོམས་ ༢༦ དམར་བསད་འབད་ཡོདཔ་ཨིན་པས།
ཨིཛ་རེལ་གྱིས་ གོ་མཚོན་གཞན་གྱི་ཐོག་ལས་ གནོད་འཚུབ་བཀལ་བ་གིས་མ་ཚད་པར་ འཕྲུལ་གླང་ཚུ་ཡང་ ལག་ལེན་འཐབ་སྟེ་ སྐྱབས་བཅོལ་བའི་སྒར་ཚུ་ཡོད་སར་ སློབ་གྲྭ་དང་ ཚོང་ཁང་ སྡོད་ཁྱིམ་ དེ་ལས་ འཐུང་ཆུའི་རིམ་ལུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ཡང་ མེདཔ་བཏང་ནུག།
དེ་བཟུམ་སྦེ་ གནོད་འཚུབ་བཀལ་སའི་ ས་ཁོངས་ཚུ་ནང་ ཡོངས་འབྲེལ་ཚུ་མེདཔ་ད་ རྒྱལ་སྤྱི་སྨན་བཅོས་སྡེ་ཚན་གྱིས་ གྲོགས་རམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་གུ་ གནོདཔ་བཀལ་བའི་སྐབས་ལུ་ ག་ཟའི་སྨན་ཁང་ཚུ་གི་དོན་ལས་ སྨན་རྫས་ཚུ་བསྐྱལ་མི་ སྣུམ་འཁོར་ཚུ་ཡང་ འཕྲོག་བཅོམ་འབད་དེ་ སྨན་སྒམ་ ༡༥༠ དེ་ཅིག་ལས་ སྨན་སྒམ་ ༡༡༡ འཕྲོག་བཅོམ་འབད་བའི་ལྷག་ལུས་ སྨན་སྒམ་ ༣༩ མ་གཏོགས་ སྨན་ཁང་ཚུ་ནང་ མ་ལྷོད་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ སྣུམ་འཁོར་ཚུ་ བཀག་བཞག་པའི་ཤུལ་ལུ་ སྣུམ་འཁོར་ཊག་ ༦༦ ལས་ ༢༣ འཕྲོག་བཅོམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 103
Users Yesterday : 1867
This Month : 18791
This Year : 182475
Total Users : 540452
Views Today : 130
Total views : 1699438
Who's Online : 16