
སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ བསམ་གཏན་གླིང་རྒེད་འོག་ བསམ་གཏན་ཐང་ནང་སྦེ་ གཞུང་འབྲེལ་ཐོག་ལས་ ཚེ་འདས་དྲགོས་ཚེ་རིང་དབང་དྲག་གི་ མེ་སྦྱང་འབད་ནུག།
མེ་སྦྱང་གི་ གསུང་ཆོག་དེ་ཡང་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་སྐུ་བགྲེས་ སྤྲུལ་སྐུ་འཕྲིན་ལས་མཆོག་ དབུ་བཞུགས་ཐོག་ལུ་ དགེ་ལེགས་ཕུག་གྲྭ་ཚང་གི་ དགེ་སློང་ཚུ་གིས་ གནང་ཡོདཔ་ད་ དེ་བསྒང་ རྒྱལ་གཞུང་འབྲུག་གི་དམག་སྡེ་གིས་ གུས་བཏུད་ཀྱི་ཚུལ་ལུ་ སྟི་སྭ་ཡང་ ཞུ་ཡོདཔ་ཨིན་པས།
མེ་སྦྱང་སྐབས་ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་གཙོ་འཛིན་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་གཙོས་པའི་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ ཁྲི་འཛིན་འོགམ་ དྲགོས་སྐལ་བཟང་དབང་འདུས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ ཕྱི་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་ རྒྱལ་པོའི་གཟིམ་དཔོན་ དྲགོས་ཨོ་རྒྱན་རྣམ་རྒྱལ་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དང་ དྲག་ཁག་ ༣ གྱི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ནུག།
དེ་མ་ཚད་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ སུ་དཱ་ཀར་ ཌ་ལི་ལ་དང་ ཕུན་ཚོགས་གླིང་ལུ་ རྒྱ་གར་གྱི་ དོན་གཅོདཔ་དང་ སྤྱི་ཚོགས་ཀྱི་འཐུས་ཚབ་ རྒྱ་གར་ཨ་སམ་མངའ་སྡེ་གཞུང་གི་ བློན་པོ་བགྲེསཔ་ལ་སོགས་པ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཚེ་འདས་དྲགོས་ཚེ་རིང་དབང་དྲག་གིས་ གཞུང་གཡོག་ནང་ལས་ དགོངསམ་ཞུ་བའི་ཤུལ་ལུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་དང་ རྒྱལ་ཁབ་ལུ་ ཕྱག་ཕྱིད་གང་དྲག་ཞུ་བའི་ཁར་ རྒྱལ་ཁབ་ནང་འཁོད་དང་ རྒྱ་འབྲུག་གི་ ས་མཚམས་ཕྱི་ཁར་ཡང་ མཛའ་བཤེས་མཐུན་འབྲེལ་ སྒྲིང་སྒྲིང་བཟོ་ནི་ལུ་ གཙོ་བོར་སྟོན་ཡོདཔ་ཨིན་པས།
སྐྱེས་ལོ་ ༧༢ འབད་མི་ དྲགོས་ཚེ་རིང་དབང་དྲག་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ དྲོ་པའི་ཆུ་ཚོད་ ༢ དེ་ཅིག་ཁར་ དགེ་ལེགས་ཕུག་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་སྦེ་ གཤགས་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༤ གི་ཕྱི་རུ་ ཆུ་ཚོད་ ༩.༡༠ དེ་ཅིག་ལུ་ དྲགོས་ཁོ་ར་སྡོད་ས་ལས་ མི་ཊར་ ༧༠ དེ་ཅིག་གི་ས་ཁར་ གླངམོ་ཆེའི་རྐང་མ་གིས་ བསྣད་བཏང་པའི་ཤུལ་ལུ་ སྨན་ཁང་ནང་བསྐྱལ་ནུག།
ཚེ་འདས་དྲགོས་དེ་གིས་ སྤྱི་ལོ་ ༡༩༦༩ ལུ་ ཞི་གཡོག་ནང་ འཛུལ་ཞུགས་འབད་དེ་ སྤྱི་ལོ་ ༢༠༡༤ ལོར་ དགོངསམ་ཞུ་བའི་ཤུལ་ལས་ བསམ་གཏན་གླིང་ལུ་ ས་ཆ་ཨེ་ཀར་ ༢༥ གི་ནང་ སོ་ནམ་གྱི་ ལཱ་འབད་བཞིན་དུ་ སྤྱི་ལོ་ ༢༠༢༣ ལས་ དགེ་ལེགས་ཕུག་གི་ རྒྱ་འབྲུག་མཛའ་བཤེས་མཐུན་ཚོགས་ཀྱི་ གཙོ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དྲགོས་ཚེ་རིང་དབང་དྲག་གིས་ མི་ལོ་ ༤༥ གི་རིང་ལུ་ ཞི་གཡོག་ནང་ གལ་གནད་ཆེ་བའི་ གོ་གནས་མང་རབས་ཅིག་ནང་ ཕྱག་ཞུ་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༡༩༨༠ ལས་ ཧཱ་རྫོང་བདག་དང་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པ་ལས་ སྤྱི་ལོ་ ༢༠༡༣ སྤྱི་ཟླ་ ༦ པ་ཚུན་ རྒྱ་གར་ཀཱོལ་ཀ་ཊ་ལུ་ འབྲུག་གི་དོན་གཅོད་སྐུ་ཚབ་དང་པ་སྦེ་ ཕྱག་ཞུ་ནུག།
སྤྱི་ལོ་ ༡༩༩༥ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དཔོན་གཉིས་སྐལ་མའི་བཀབ་ནེ་ འབུ་རས་དམརཔོ་ གནང་པའི་ཁར་ སྤྱི་ལོ་ ༢༠༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ལུ་ ཕྱག་ཕྱིད་གང་དྲག་ཞུ་བའི་ ངོས་འཛིན་ལུ་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་ གནང་ཡོདཔ་ཨིན་པས།
ཚེ་འདས་དྲགོས་དེ་ གཞལམ་སྒང་རྫོང་ཁག་ ཁེང་སྟག་མ་ལས་ཨིནམ་ད་ ཁོ་ལུ་ ཨམ་སྲུ་དང་ ཨ་ལོ་བུམོ་ ༢ དང་ བུ་ ༣ ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1437050
Views Today :
Total views : 5000
Who's Online :